ཨ་རིས་གནས་སྐབས་རིང་རྒྱ་ནག་གི་དངོས་ཟོག་གི་སྒོ་ཁྲལ་ཐད་ཐག་གཅོད་གནང་འཆར་མི་འདུག

2022.06.21
ཨ་རིས་གནས་སྐབས་རིང་རྒྱ་ནག་གི་དངོས་ཟོག་གི་སྒོ་ཁྲལ་ཐད་ཐག་གཅོད་གནང་འཆར་མི་འདུག ཨ་རིའི་སྲིད་འཛིན་སྦཡེ་ཌེན་དང་རྒྱ་ནག་གི་སྲིད་འཛིན་གཉིས་དྲ་ལམ་ནས་མཇལ་མོལ་སྐབས། ༡༡།༡༥།༢༠༢༡
AP

ཨ་མི་རི་ཀའི་སྦཡེ་ཌེན་གཞུང་གིས་སྲིད་འཛིན་གོང་མ་(Trump)་གྱི་གཞུང་འཛིན་སྐབས་རྒྱ་ནག་གི་དངོས་ཟོག་ནང་འདྲེན་ཐོག་སྒོ་ཁྲལ་འཕར་མ་བཀལ་བ་དེ་དག་ཐད་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་བདུན་(G7)་ཞེས་པའི་ཚོགས་འདུ་དེ་མ་འཚོགས་གོང་ཐག་གཅོད་གནང་འཆར་མེད་པ་རེད་འདུག འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཚོགས་འདུ་དེ་བདུན་ཕྲག་རྗེས་མར་འཇར་མེ་ནིར་ཚོགས་ཀྱི་ཡོད་པ་རེད།
ཨ་མི་རི་ཀའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཞིག་གིས། ཨ་མི་རི་ཀའི་(Biden)་གཞུང་གི་དམིགས་ཡུལ་ནི་དེ་སྔོན་སྲིད་འཛིན་གོང་མ་(Trump)་གྱི་གཞུང་འཛིན་སྐབས་
རྒྱ་ནག་གི་དངོས་ཟོག་ལ་བཀལ་བའི་སྒོ་ཁྲལ་དེ་དག་ཨ་མི་རི་ཀའི་དཔལ་འབྱོར་དང་འཐབ་བྱུས་ཀྱི་དམིགས་ཡུལ་དང་མཐུན་གྱི་ཡོད་མིན་རྟོག་ཞིབ་དང་། ཨ་མི་རི་ཀའི་ལས་བཟོ་བ་རྣམས་དང་གནད་འགག་ཆེ་བའི་བཟོ་གྲྭ་ཁག་གི་ཁེ་ཕན་སྲུང་སྐྱོབ་གནང་ཐུབ་པ་གང་ཞིག་ལ་ཨ་མི་རི་ཀའི་མི་སེར་རྣམས་ལ་དོན་མེད་དངོས་ཟོག་རིན་གོང་ཆེན་པོ་སྤྲོད་མི་དགོས་པ་བཟོ་ཐབས་གནང་གི་ཡོད་པའི་སྐོར་གསུངས་འདུག
ཨ་མི་རི་ཀའི་གཞུང་གི་དཔོན་རིགས་མཐོ་གྲས་ཤིག་གིས་རོའུ་ཊར་གསར་འགྱུར་ལས་ཁང་ལ་གནད་དོན་དེའི་ཐད་རྣོ་ངར་ཆེན་པོའི་ཐོག་བཀའ་མོལ་གནང་བཞིན་ཡོད་ཀྱང་། སྒོ་ཁྲལ་ཆ་ཚང་མེད་པ་བཟོ་དང་མི་བཟོའི་གནད་དོན་མ་ཡིན་པར། འཐབ་བྱུས་ཀྱི་གནད་འགག་ལྡན་པ་ཞིག་ཡོང་བ་ཞིག་བྱེད་རྒྱུ་དེ་ཡིན་པ་གསུངས་འདུག
ཨ་མི་རི་ཀའི་གཞུང་གི་ཚོང་འབྲེལ་དཔོན་རིགས་ཟུར་པ་ལྕམ་(Margaret Cekuta)་ཡིས། རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་མེད་པ་བཟོས་པ་ཡིན་ན་དེས་དངོས་ཟོག་གི་རིན་གོང་ཐོག་བར་ཁྱད་དེ་ཙམ་བཟོ་རྒྱུ་མིན་པ་མ་ཟད། དེས་འགྱུར་བ་ཆ་ཚང་བ་ཞིག་ཡོང་རྒྱུར་ཟླ་ངོ་བརྒྱད་ཙམ་འགོར་སྲིད་པ་གསུངས་སྟེ་སྒོ་ཁྲལ་ཕྱིར་བསྡུ་བྱེད་རྒྱུ་དེས་ཨ་མི་རི་ཀའི་མི་སེར་ལ་འཕྲད་བཞིན་པའི་དངོས་ཟོག་རིན་ཐང་འཕར་བཞིན་པའི་དཀའ་ངལ་འཕྲལ་དུ་སེལ་རྒྱུར་ཕན་ཐོགས་དེ་ཙམ་མེད་པའི་དགོངས་ཚུལ་གསུངས་ཡོད་པ་རེད།
ཡང་ཨ་མི་རི་ཀའི་གཞུང་གི་དཔོན་རིགས་ཤིག་གིས་དེ་སྔོན་སྲིད་འཛིན་(Trump)་གཞུང་གིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་དངོས་ཟོག་ལ་སྒོ་ཁྲལ་འཕར་མ་བཀལ་བ་ཁག་ཅིག་མེད་པ་བཟོ་བ་གང་ཞིག་ལ་སྒོ་ཁྲལ་གཞན་ཁག་ཅིག་མུ་མཐུད་དུ་འཇོག་རྒྱུ་ཡིན་སྐོར་ཡང་གསུངས་འདུག

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎