རྒྱ་ནག་གིས་ཧྥེ་ལིབ་པིན་སི་ལ་མཚོ་ཁུལ་ནས་འཇབ་རྒོལ་བྱས་ན་ཨ་རིས་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་བསྒྲགས་འདུག

2022.07.12
Share on WhatsApp
Share on WhatsApp
རྒྱ་ནག་གིས་ཧྥེ་ལིབ་པིན་སི་ལ་མཚོ་ཁུལ་ནས་འཇབ་རྒོལ་བྱས་ན་ཨ་རིས་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་བསྒྲགས་འདུག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་གཉིས་ཧིན་རྡུ་ནི་ཤེ་ཡར། ༠༧།༠༩།༢༠༢༢
AFP

དེ་ཡང་རོའུ་ཊར་གསར་སྤེལ་ཁང་གིས་ཕྱི་ཚེས་༡༢ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཕྱོགས་ནས་གལ་ཏེ་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་ཧྥེ་ལིབ་པིན་སིའི་(Philippines)་དམག་མིར་འཇབ་རྒོལ་ཐེབས་པ་ཡིན་ན་སྲུང་སྐྱོབ་ཆིངས་ཡིག་ལྟར་མཐུན་གྲོགས་རྒྱལ་ཁབ་ཧྥེ་ལིབ་པིན་སི་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་མཆོག་གིས་གསུང་པ་མ་ཟད། ཁོང་གིས་ད་དུང་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་འཇོག་བྱས་ཏེ་བྲེལ་ཟིང་ཆེ་བའི་མཚོ་ལམ་དུ་འཁྲུག་རྐྱེན་སློང་གཞིའི་བྱ་སྤྱོད་སྤེལ་བཞིན་པ་དེ་དག་མཚམས་འཇོག་དགོས་བ་ནན་སྐུལ་ཡང་གནང་འདུག
ཨ་རི་དང་ཧྥེ་ལིབ་པིན་སི་བར་ཕྱི་ལོ་༡༩༥༡ལོར་ཐུན་མོང་སྲུང་སྐྱོབ་ཀྱི་ཆིངས་ཡིག་བཞག་ཡོད་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་(Blinken)་མཆོག་གིས་མུ་མཐུད་དུ། ང་ཚོས་ཡང་བསྐྱར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་སྤྱིའི་ཁྲིམས་ནང་གཏན་འབེབས་བྱས་པའི་དོན་ཚན་ཁག་ལ་བརྩི་འཇོག་གི་འོས་འགན་ཡོད་པ་མ་ཟད། འཁྲུག་རྐྱེན་སློང་གཞིའི་བྱ་སྤྱོད་དག་མཚམས་འཇོག་གི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུང་འདུག
ཕྱི་སྲིད་དྲུང་ཆེ་(Blinken)་མཆོག་གིས་རེས་གཟའ་ཟླ་བར་གོང་གི་གཏམ་བཤད་དེ་གནང་བ་དང་། དེ་ནི་རྒྱལ་སྤྱིའི་ཁྲིམས་ཁང་གིས་རྒྱ་ནག་གིས་ལྷོ་རྒྱ་མཚོའི་ཐོག་བདག་དབང་ཆ་ཚང་ཡོད་ཚུལ་གསལ་བསྒྲགས་བྱས་བ་དེ་རྩིས་མེད་བཏང་སྟེ་ལོ་དྲུག་འཁོར་བའི་དུས་དྲན་ཡིན་ཞིང་། ལྷོ་རྒྱ་ནག་རྒྱ་མཚོའི་སྟེང་ལོ་རེར་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གསུམ་གྱི་ཚོང་རྫས་སྐྱེལ་འདྲེན་གྲུ་གཟིངས་འགྲོ་བསྐྱོད་བྱེད་བཞིན་པ་རེད།
ཨ་རིའི་ཕྱི་སྲིད་དྲུང་ཆེའི་གསལ་བསྒྲགས་སྤེལ་བའི་ཉིན་དེར་། ཧིན་རྡུ་ནི་ཤེ་ཡའི་རྒྱལ་སར་ཚོགས་བཞིན་པའི་ལྷོ་ཤར་ཨེ་ཤེ་ཡའི་མནའ་མཐུན་རྒྱལ་ཁབ་ཚོའི་ཚོགས་འདུར་ཞུགས་པའི་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེས་ཀྱིས། མངའ་ཁུལ་རྒྱལ་ཁབ་ཚོ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཀྱི་རྩེད་མོའི་རྡེའུ་ལྟ་བུར་མི་འགྱུར་ཆེད་དེ་ལས་གཡོལ་ཐབས་བྱེད་དགོས་ཚུལ་བརྗོད་འདུག
རྒྱ་ནག་གཞུང་གིས་ནམ་རྒྱུན་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཆ་ཚང་ལོ་རྒྱུས་ཐོག་རྒྱ་ནག་ལ་ཡོད་ཚུལ་བརྗོད་བཞིན་པ་དང་། ཧྥེ་ལིབ་པིན་སི་ཐེ་བའི་མངའ་ཁུལ་དེའི་རྒྱལ་ཁབ་མང་པོ་ཞིག་གིས་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་པ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་ཆ་ཤས་རྒྱལ་ཁབ་དེ་དག་ལའང་ཡོད་པ་བརྗོད་ཀྱི་ཡོད་པ་རེད།

གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཐེངས་༥༡པ་ཚོགས་བའི་སྐབས་དང་བསྟུན། ཨ་རིའི་གཞུང་ཚབ་ཀྱིས་༸རྒྱལ་བ་རིན་པོ་ཆེའི་༸སྐུའི་ཡང་སྲིད་སྐོར་གླེང་སློང་གནང་རྒྱུ་ཡིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎