ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཐེ་ཝན་དུ་གཟིགས་སྐོར་གནང་བར་བརྟེན་ཡང་རྒྱ་ནག་གིས་དམག་སྦྱོང་བྱེད་རྒྱུ་བསྒྲགས་འདུག

2022.08.15
Share on WhatsApp
Share on WhatsApp
ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་ཐེ་ཝན་དུ་གཟིགས་སྐོར་གནང་བར་བརྟེན་ཡང་རྒྱ་ནག་གིས་དམག་སྦྱོང་བྱེད་རྒྱུ་བསྒྲགས་འདུག ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཐེ་ཝན་དུ་གཟིགས་སྐོར་དང་ཐེ་ཝན་གྱི་སྲིད་འཛིན་དང་མཇལ་མོལ་གནང་སྐབས། ༠༨།༡༥།༢༠༢༢
@Taiwan Presidential Office

དེ་ཡང་འདི་ཚེས་༡༥ཉིན་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་ཐེ་ཝན་དུ་འཚམས་གཟིགས་གནང་ནས་ཐེ་ཝེན་གྱི་སྲིད་འཛིན་(Tsai Ing-wen)་མཆོག་དང་མཇལ་འཕྲད་གནང་བར་བརྟེན། རྒྱ་ནག་ཁོང་ཁྲོ་ལངས་ནས་ཡང་བསྐྱར་ཐེ་ཝན་གྱི་མཚོ་ཁའི་གཡས་གཡོན་དུ་དམག་སྦྱོང་བྱ་རྒྱུ་ཡིན་པ་བསྒྲགས་འདུག་ལ། ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཐེ་ཝན་དུ་ཕེབས་པ་དེ་ནི། ཨ་རིས་ཐེ་ཝན་ལ་མུ་མཐུད་རྒྱབ་སྐྱོར་ཡོད་པའི་མཚོན་རྟགས་ཤིག་ཡིན་ལུགས་ཨེ་པི་གསར་ལས་ཁང་གིས་ཐེ་པེ་ནས་གནས་ཚུལ་སྤེལ་འདུག
ཐེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས། འདི་ཚེས༡༥ཉིན་ཨ་རིའི་གྲོས་ཚོགས་གོང་མའི་མང་གཙོ་ཚོགས་པའི་ཚོགས་མི་(Sen. Ed Markey)་ལགས་ཀྱིས་དབུ་ཁྲིད་པའི་ཚོགས་མི་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་དུ་ཕེབས་འབྱོར་བྱུང་བའི་སྐོར་གནས་ཚུལ་སྤེལ་ཡོད་ཀྱང་། སྐུ་ཚབ་ཚོགས་ཆུང་དེས་ཐེ་ཝན་གྱི་དབུ་ཁྲིད་དང་ལྷན་དུ་མཇལ་འཕྲད་གནང་བའི་སྐོར་འཕྲལ་དུ་གནས་ཚུལ་བཀོད་སྤེལ་བྱས་མེད་པ་དང་། སྐུ་ཚབ་ཚོགས་ཆུང་དེ་རེས་གཟའ་ཟླ་བའི་ཕྱི་དྲོ་ཨ་རི་གཞུང་གི་གནམ་གྲུ་བརྒྱུད་ཕྱིར་ཨ་རིར་ཕེབས་གནང་རྒྱུ་ཡིན་འདུག

US delegation visits Taiwan1.jpg
འདི་ནི་ཉེ་ལམ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་དབུས་པའི་ཆེས་མཐོའི་སྐུ་ཚབ་ཚོགས་པས་ཐེ་ཝན་དུ་འཚམས་གཟིགས་གནང་ནས་བདུན་ཕྲག་གཉིས་མ་ཟིན་ཙམ་གྱི་རྗེས་སུ། ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ནང་ཕེབས་པ་ཞིག་རེད།
ལྕམ་(Nancy Pelosi)་མཆོག་ནི་མི་ལོ་༢༥རྗེས་སུ་ཨ་རི་གཞུང་གི་མི་སྣ་མཐོ་ཤོས་ཐེ་ཝན་ནང་ཕེབས་མཁན་ཐོག་མ་དེ་ཡིན་པ་དང་། ཨ་རིའི་མཐོ་རིམ་མི་སྣ་དང་ཐེ་ཝན་གྱི་དབུ་ཁྲིད་བར་འབྲེལ་བ་གནང་བ་དེ་ནི་ཨ་རིས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་རྒྱ་ནག་གཞུང་གིས་ཆ་འཇོག་དང་མཉམ་སྐྱོན་བརྗོད་དང་སྡིགས་ར་སྐུལ་ནས། ཉེ་ལམ་རྒྱ་ནག་གིས་མཁའ་དམག་གནམ་གྲུ་དང་མཚོ་དམག་གྲུ་གཟིངས་སོགས་ཐེ་ཝན་གྱི་མཚོ་ཁར་བཏང་ནས་ཉིན་ཁ་ཤས་དམག་སྦྱོང་བྱས་བ་དང་། འཇིགས་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད།
ཡང་གནས་ཚུལ་ཐོན་པར་གཞིགས་ན། ཐེ་ཝན་གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་རྒྱལ་ནང་བདེ་སྲུང་ཚོགས་ཆུང་གི་ཚོགས་གཙོ་(Lo Chih-Cheng)་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་ནས། ཁོང་རྣམས་དུས་ཚོད་འདི་ལྟ་བུར་ཐེ་ཝན་ནང་ཕེབས་ཐུབ་པ་དེ་ནི་ཧ་ཅང་གལ་གནད་ཆེན་པོ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་ཁར་དམག་སྦྱོང་བྱེད་བཞིན་པ་ནི། ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཐེ་ཝན་ནང་ཕེབས་རྒྱུར་འགོག་ཐབས་བྱ་ཆེད་ཡིན་ལུགས་གསུངས་འདུག

གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆབ་སྲིད་བཙོན་ཟུར་དགའ་ཤར་ལྷོ་པ་དགེ་བཤེས་ཕུན་ཚོགས་དར་རྒྱས་ལགས་དགོངས་པ་རྫོགས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎