ཨ་རིའི་གྲོས་ཚོགས་འཐུས་མིས་ཐེ་ཝན་ནང་གཟིགས་སྐོར་ཐད་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་འདུག

2021.11.10
Share on WhatsApp
Share on WhatsApp
ཨ་རིའི་གྲོས་ཚོགས་འཐུས་མིས་ཐེ་ཝན་ནང་གཟིགས་སྐོར་ཐད་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་འདུག ཐེ་ཝན་དང་ཨ་རིའི་རྒྱལ་དར།
སྒྲིག་བཟོ།/RFA

དེ་ཡང་ཨེ་པི་གསར་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་༩་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ནང་འཚམས་གཟིགས་སུ་ཕེབས་འབྱོར་བྱུང་ཡོད་པར་བརྟེན། རྒྱ་ནག་གི་བདེ་སྲུང་ལས་ཁུངས་ནས་རྒྱལ་ཁབ་སྲུང་སྐྱོབ་ཆེད་ཐེ་ཝན་མཚོ་ཁའི་ཉེ་འཁྲིས་སུ་དམག་སྦྱོང་བྱེད་རྒྱུ་ཡིན་ཞེས་བསྒྲགས་འདུག་མོད། ས་གནས་དང་དུས་ཚོད་སོགས་ཁ་གསལ་བྱས་མི་འདུག
དེ་བཞིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝེན་བྷིན་གྱིས། ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཚུང་ཐེ་ཝན་ལ་ཕེབས་པ་དེར་ང་ཚོས་མཐའ་ཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། དེ་ནི་ང་ཚོ་ཡུལ་གཉིས་བར་ཐེ་ཝན་ལ་གཞུང་འབྲེལ་གྱི་ཐོག་ནས་འབྲེལ་བ་བྱེད་རྒྱུ་མེད་པའི་ཆོད་གན་དང་ཡོངས་སུ་འགལ་བ་ཞིག་རེད། འདི་ལྟབུའི་བྱ་སྤྱོད་ནི་རྒྱ་ནག་ཟླ་བསྒྲིལ་གཏོང་རྒྱུར་འགོག་རྐྱེན་བཟོས་པ་ཞིག་རེད། ཡིན་ནའང་ཨ་རི་ལམ་ལྷོང་ཡོང་གི་མ་རེད་ཅེས་སྐྱོན་བརྗོད་བྱས་འདུག
དེ་དང་ཕྱོགས་མཚུངས་རྒྱ་ནག་གི་བདེ་སྲུང་ལས་ཁུངས་ཀྱི་མིང་འདོན་མ་བྱས་པའི་མགྲིན་ཚབ་པ་ཞིག་གིས། རྒྱ་ནག་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཆེད་བཙུགས་པའི་བཅིངས་བཀྲོལ་དམག་མིའི་དཔུང་སྟོབས་ལ་སུས་ཀྱང་ཚོད་རྩིས་བྱེད་མི་ཐུབ་པ་ཞིག་ཡིན་པ་བཤད་འདུག
འོན་ཀྱང་ཨ་རིའི་བདེ་སྲུང་ལས་ཁུངས་ཀྱི་མགྲིན་ཚབ་པ་འཇོན་ཀིར་བྷི་ཡིས། ད་རེས་ཨ་རིའི་སྐུ་ཚབ་ཐེ་ཝན་ནང་འཚམས་འདྲིར་ཕེབས་པ་དེ་ནི་ཐེ་ཝན་དང་ཨ་རིའི་འབྲེལ་བའི་གྲོས་ཆོད་གཞིར་བཟུང་ཨ་རིའི་ངོས་ནས་ཐེ་ཝན་སྲུང་སྐྱོབ་ཐོག་ཉེན་ཁ་ཡོད་པར་ཐུགས་འཚབ་དང་བཅས་རྒྱུན་ལྡན་གྱི་འཚམས་འདྲིར་ཕེབས་པ་ལས་དམིགས་བསལ་དེར་གོ་བ་ལེན་རྒྱུ་མེད་ལུགས་གསུངས་ཡོད་པ་རེད།
ཐེ་ཝན་ཕྱོགས་ནས་ཐེ་ཝན་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Joanne Ou)་ཡིས། ད་རེས་ཐེ་ཝན་ནང་ཡོད་པའི་ཨ་རིའི་བསྟི་གནས་ཁང་གི་སྐུ་ཚབ་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་གཟིགས་སྐོར་གྲ་སྒྲིག་གནས་བ་ཡིན་པ་བཤད་པ་ལས་དམིགས་བསལ་ཞིབ་ཕྲའི་མཛད་རིམ་སོགས་གསལ་ཁ་བཏོན་མི་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།