ཡུ་གུར་བའི་ཐོབ་ཐང་དོན་གཉེར་ཚོགས་པས་རྒྱ་ནག་གཞུང་ཁྲིམས་གཏུག་བྱས་འདུག

འདི་ག་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་གྱིས་གནས་ཚུལ་སྤེལ་དོན་ལ་གཞིགས་ན། ཡུ་གུར་བའི་ཐོབ་ཐང་དོན་གཉེར་བའི་ཚོགས་པས་ཨིར་ཇན་ཊི་ནའི་(Argentina)་ཁྲིམས་ཁང་ནང་རྒྱ་ནག་གཞུང་ཁྲིམས་གཏུགས་བྱས་ཡོད་འདུག
གནས་ཚུལ་ནང་གསལ་བ་ལྟར་ན། ཡུ་གུར་བའི་ཐོབ་ཐང་དོན་གཉེར་ཕྱོགས་ཁག་གི་ཁྲིམས་རྩོད་པས་གཟའ་ལྷག་པའི་ཉིན་ཨིར་ཇན་ཊི་ནའི་ཁྲིམས་ཁང་ཞིག་ཏུ་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་མི་རིགས་རྩ་མེད་བཟོ་བ་དང་། དེ་བཞིན་གཞུང་དེའི་སྡུག་རྩུབ་ཀྱི་སྲིད་ཇུས་འོག་ཞིན་ཅང་མངའ་ཁུལ་དུ་ཁ་ཆེ་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་གི་ཡོད་པའི་ཉེས་དོན་ཁག་གཏུགས་བཤེར་བྱས་ཡོད་ཅིང་། དེ་ཕྱི་རྒྱལ་ཡུལ་ལུང་གི་དྲང་བདེན་ཞེས་པའི་ཁྲིམས་རྩོད་པའི་ཚོགས་སྡེ་དེས་འཇར་མན་ནང་རྟེན་གཞི་བྱས་པའི་འཛམ་གླིང་ཡུ་གུར་ལྷན་ཚོགས་དང་། རྒྱལ་ས་ཝ་ཞིན་ཀྲོན་དུ་རྟེན་གཞི་བྱས་པའི་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ལས་འཆར་གཉིས་ཀྱི་ཚབ་བྱས་ཏེ་ཨིར་ཇན་ཊི་ན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་ལྟར། འཇིག་རྟེན་ཀུན་ཁྱབ་ཉེས་དོན་ཚན་པའི་འབྲི་དོན་ལྟར། ཡུལ་དེའི་ཁྲིམས་ཁང་ཞིག་ཏུ་རྒྱ་ནག་གཞུང་གི་སྡུག་རྩུབ་སྲིད་ཇུས་དང་འབྲེལ་བའི་ཉེས་དོན་ཁག་གཞུང་འབྲེལ་གྱི་ཐོག་ནས་གཏུགས་བཤེར་བྱས་འདུག
རྩ་ཁྲིམས་ནང་གསལ་གྱི་འཇིག་རྟེན་ཀུན་ཁྱབ་ཀྱི་ཉེས་དོན་ཚན་པ་དེའི་འོག ཡུལ་དེའི་ཉེས་དོན་སྐོར་གྱི་ཁྲིམས་ཁང་ནས་རྒྱལ་སྤྱིའི་ཉེས་དོན་དཔེར་ན། རིགས་རྒྱུད་རྩ་མེད་བཟོ་བ་དང་། སྡུག་སྦྱོང་དང་མི་ཆོས་རིང་ལུགས་དང་འགལ་བའི་བྱ་སྤྱོད་རིགས་གནས་ཡུལ་གང་ཞིག་ཏུ་ཡོང་གི་ཡོད་ན། དེར་རྩད་ཞིབ་གནང་ཆོག་གི་ཡོད་པར་སོང་ཉེས་དོན་གཏུགས་བཤེར་འདི་ལ་དོན་དངོས་དང་དཔེ་མཚོན་རང་བཞིན་གྱི་ནུས་ཡོད་པ་འཇར་མན་ནང་རྟེན་གཞི་བྱས་པའི་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་འགོ་བ་སྒྲོལ་ཁང་ཨེ་ས་ལགས་ཀྱིས་གཟའ་ཕུར་བུའི་ཉིན་གསར་འགོད་ལྷན་ཚོགས་སུ་འགྲེལ་བརྗོད་བྱས་འདུག
ཉེས་དོན་གཏུག་བཤེར་འདི་དང་འབྲེལ་ནས་རྒྱ་ནག་གཞུང་གིས་ཞིན་ཅང་དུ་ཡུ་གུར་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ཁག་ལ་རྩད་ཞིབ་གནང་སྲིད་པ་ཞིག་ཡིན་ཡང་བཀོད་འདུག
སི་པན་རྒྱལ་ཡོངས་ཁྲིམས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅིང་ཙེ་མིན་གཙོས་འགོ་ཁྲིད་ལྔ་འཛིན་བཟུང་བྱ་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག
དེ་མཚུངས་དེ་སྔ་༢༠༠༦ལོར་གཙོ་བོ་སི་པན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག སི་པན་རྒྱལ་ཁབ་ཀྱི་མི་སེར་ཡིན་པ་བོད་མི་དམངས་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས། བོད་ཀྱི་ཆབ་སྲིད་བཙོན་པ་སྟག་སྣ་འཇིགས་མེད་བཟང་པོ་ལགས། སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས། སི་པན་གྱི་(Valencia)་གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ཁྲིམས་ལུགས་སློབ་དཔོན་(Jose Elias Esteve Molto)་དང་། སི་པན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཚན་རིག་ཉམས་ཞིབ་པ་(Alan Cantos)་བཅས་ཀྱིས། རྒྱ་ནག་གཞུང་གིས་ལོ་མང་རིང་བོད་ནང་སྡུག་རྩུབ་དྲག་མནོན་བྱས་བའི་གནས་སྟངས་མཉམ་ཞིབ་དང་མཉམ། ལྷག་པར་དེ་སྔ་རྒྱ་ནག་གི་སྲིད་འཛིན་ཅིང་ཙེ་མིན་གྱི་སྐབས་དང་། ལེ་ཕིན་གཙོས་རྒྱ་ནག་གི་འགོ་ཁྲིད་ལྔ་ཡིས་དབང་ཆ་བཟུང་བའི་སྐབས། བོད་ནང་དུ་བོད་མི་རིགས་རྩ་མེད་བཟོ་ཐབས་ཀྱི་བྱ་སྤྱོད་ལག་བསྟར་བྱས་བའི་ཉེས་སྤྱོད་སི་པན་(Spain)་ཁྲིམས་ཁང་དུ་ཞུ་གཏུགས་བྱས་པ་མ་ཟད། ལྷག་དོན་སྲིད་འཛིན་ཟུར་པ་ཧོ་ཅིན་ཐོ་ཡིས་དེ་སྔ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་པའི་རིང་བོད་མི་རིགས་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱས་པའི་ནག་ཉེས་ཁྲིམས་གཏུགས་བྱས་བ་དང་། ཁྲིམས་ཁང་གི་ཁྲིམས་དཔོན་ཚོས་ལོ་མང་རིང་གནས་ཚུལ་ཞིབ་འཇུག་དང་། རྩད་ཞིབ་བྱས་པ་བརྒྱུད། ༢༠༡༢ལོའི་ཕྱི་ཟླ་བཅུ་པའི་ཚེས་༩ཉིན། ཁྲིམས་ཁང་དེས་རྒྱ་ནག་གི་འགོ་ཁྲིད་ཟུར་པ་དེ་དག་གིས་བྱས་ཉེས་བསགས་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་དང་། དེ་བཞིན་ལོ་དེའི་སྤྱི་ཟླ་༡༡པའི་ཚེས་༡༨ཉིན་བསྐྱར་ཏུ་སི་པན་ཁྲིམས་ཁང་གི་ཁྲིམས་དཔོན་ཚོས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་དང་། ལེ་ཕིན་གཙོས་པའི་འགོ་ཁྲིད་ལྔ་བོ་ཕྱིའི་རྒྱལ་ཁབ་གང་དུ་སླེབས་པའི་སྐབས་འཛིན་བཟུང་བྱ་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་མ་ཟད། ལྷག་པར་དུ་སྲིད་འཛིན་ཟུར་པ་ཧོ་ཅིན་ཐོ་སི་པན་ཁྲིམས་ཁང་དུ་འདྲི་རྩད་ཆེད་དུ་འབོད་བཀུག་བྱ་རྒྱུ་དང་། རྒྱ་ནག་གི་གཞུང་ཚབ་ཁང་བརྒྱུད་དེ་སྔ་བོད་ནང་འཛིན་པའི་མི་རིགས་རྩ་མེད་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་དེ་ཚོའི་ཐོག་ཧོ་ཅིན་ཐོ་ལ་འདྲི་རྩད་གནང་རྒྱུའི་བཀའ་ཁྱབ་ཀྱང་བཏང་མྱོང་ཡོད་པ་རེད།
གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།