ཏོག་དབྱིབས་ནད་ཡམས་རྐྱེན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་སྒོ་རྒྱབ།
2020.11.17
བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གཉིས་ལ་(Covid-19)ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་ཤེས་རྟོགས་བྱུང་རྗེས་ལས་ཁུངས་ཁག་སྒོ་རྒྱབ་འདུག
འདི་ཚེས་༡༦ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གཉིས་ལ་(covid-19)ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་རྟག་དཔྱད་རྗེས་ཤེས་རྟོགས་བྱུང་བར་བརྟེན། འདི་ཚེས་༡༧ ཉིན་ལས་ཁུངས་ཡོངས་རྫོགས་སྒོ་རྒྱབ་ཡོད་པ་དང་། དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ནང་ཏོག་དབྱིབས་ནད་ཡམས་འགོས་པ་ཐོན་པ་ཐེངས་དང་པོ་ཆགས་ཡོད་པ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱི་འགྲེལ་བརྗོད་གནང་སོང་།
འཕྲོད་བསྟེན་དྲུང་ཆེ་མཆོག་གིས་གསུངས་ན། གོང་གི་ལས་བྱེད་གཅིག་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་བྱེད་བཞིན་པའི་སྒོ་དབྱེ་ཟུར་བཀག་དབུས་སྣེ་ལན་ཁང་ནང་ཡོད་པའི་སྐབས་སུ་རྟག་དཔྱད་བྱས་པ་བརྒྱུད་ནས་ནད་རྟགས་ཡོད་པ་ཤེས་རྟོགས་བྱུང་བ་དང་། ལས་བྱེད་གཅིག་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོང་དུ་ལས་ཁུངས་ཀྱི་ལས་དོན་ཆེད་པར་རྒྱག་བཞིན་པའི་སྐབས་ནད་ཡམས་དེ་འགོས་ཡོད་པར་སོང་ལས་བྱེད་ཁོང་དང་འབྲེལ་ཐུག་སུ་དང་སུ་ལ་བྱུང་ཡོད་མིན་རྩད་ཞིབ་བྱས་པའི་སྐབས་ལས་བྱེད་༨༠ཙམ་ལ་འབྲེལ་བ་བྱུང་ཡོད་པ་རྩད་ཆོད་བྱུང་བ་དང་། ད་ཆ་འཕྲོད་བསྟེན་ལས་ཁུངས་ནས་དོ་བདག་ཁོང་དང་འབྲེལ་བ་བྱུང་བའི་ལས་བྱེད་༨༨ ཟུར་བཀག་བྱས་ནས་བཞག་ཡོད་པ་དང་། དེ་དག་ཚང་མར་རྟག་དཔྱད་བྱས་ནས་ནད་ཡམས་འགོས་མེད་པ་གསལ་བོ་མ་བྱུང་བར་ལས་ཁུངས་ཁག་ཚོགས་མ་དགོས་པའི་སྐོར་བཀའ་ཤག་ལ་སྙན་གསེང་ཞུས་ཡོད་པ་རེད་འདུག
ཡང་ཁོང་གིས་རྒྱ་གར་དབུས་གཞུང་གིས་ཁྱིམ་སྡོད་བཀའ་རྒྱ་རིམ་པས་གུ་ཡངས་དུ་བཏང་བ་ལ་བརྟེན་ནས་ནད་ཡམས་འགོས་ཁྱབ་ཀྱི་ཉེན་ཁ་ཆེ་རུ་ཕྱིན་ཡོད་པར་སོང་ཚང་མས་སྔོན་འགོག་ཐོག་གཟབ་ནན་གནང་དགོས་པའི་འབོད་སྐུལ་གནང་གི་འདུག
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གནས་ཚུལ་གཞིར་བཞག་ན། ༢༠༢༠ཟླ་༡༡ ཚེས་༡༢ བར་བཙན་བྱོལ་བོད་མི་གནས་སྡོད་རྒྱ་བལ་འབྲུག་གསུམ་ནང་ད་བར་(covid 19)ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་གྲངས་༡༡༦༥ བྱུང་བ་དང་། དྲག་སྐྱེས་བྱུང་བ་༧༧༢ ད་ལྟ་ནད་ཀྱིས་མནར་བཞིན་པ་༣༦༧ འདས་གྲོངས་སུ་ཕྱིན་པ་༢༦ བཅས་བྱུང་ཡོད་པ་རེད་འདུག
རྒྱ་གར་གཞུང་གི་འཕྲོད་བསྟེན་ལས་ཁུངས་འབྲེལ་ཡོད་ཀྱི་གྲངས་ཐོ་ལྟར་ན། རྒྱ་གར་ནང་ཕྱི་ཟླ་༡༡ཚེས་༡༧ཉིན་བར་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་གྲངས་༨༨༧༤༢༩༠ཐོན་པ་དང་། དེའི་ཁྲོད་ཀྱི་ནད་པ་གྲངས་༡༣༠༥༡༩འདས་གྲོངས་སུ་ཕྱིན་པ་དང་། ནད་པ་གྲངས་༦༢༢༣༣༧༢དྲག་སྐྱེས་བྱུང་ཡོད་འདུག
དེ་བཞིན་སྤྱི་ལོ་༢༠༡༩ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། ད་བར་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༡༠་ལྷག་གི་ནང་ཁྱབ་གདལ་ཕྱིན་ནས། འདི་ཚེས་༡༧བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་ས་ཡ་༥༤དང་ལྔ་འབུམ་དགུ་ཁྲི་ལྷག་བྱུང་བའི་ཁྲོད། ནད་པ་མི་གྲངས་ས་ཡ་གཅིག་དང་གསུམ་འབུམ་གཉིས་ཁྲི་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པར། ད་སྐབས་ནད་པ་མང་ཤོས་ཨ་མི་རི་ཀ་དང་། རྒྱ་གར། བྷིར་ཛལ། ཨུ་རུ་སུ། ལྷོ་ཨ་ཧྥེ་རི་ཀ པེ་རོའུ་སོགས་ཡིན་པ་རེད།