རྒྱ་ནག་ནས་ཐོན་པའི་གློ་བའི་འགོས་ནད་གསར་བ་དེའི་ཆེད་ཛ དྲག་གི་ཚོགས་འདུ་སྐོང་འཆར་འདུག


2020-01-21
Share
རྒྱ་ནག་ཝུའུ་ཧན་ནང་(Sars)་ཆམ་ནད་དང་འདྲ་བའི་ནད་གཞི་གསར་བ་ཕོག་པའི་ནད་པ་ཞིག་སྨན་ཁང་དུ་སྐྱེལ་བཞིན་པ། ༢༠༢༠།༡།༡༨ རྒྱ་ནག་ཝུའུ་ཧན་ནང་(Sars)་ཆམ་ནད་དང་འདྲ་བའི་ནད་གཞི་གསར་བ་ཕོག་པའི་ནད་པ་ཞིག་སྨན་ཁང་དུ་སྐྱེལ་བཞིན་པ། ༢༠༢༠།༡།༡༨
AFP

ཉེ་ཆར་རྒྱ་ནག་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་(Wuhan)་གྲོང་ཁྱེར་ནས་ཐོག་མར་བྱུང་བའི་ཆམ་ནད་ལྟ་བུའི་གློ་བའི་འགོས་ནད་གསར་བ་དབྱིན་སྐད་དུ་(coronavirus)་ཞེས་བ་ཞིག་ཁྱབ་གདལ་དུ་སོང་ནས། ད་བར་ཉུང་མཐར་ནད་པ་མི་གྲངས་༦་རྐྱེན་འདས་སུ་སོང་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་འདི་ཚེས་༢༢་རེས་གཟའ་ལྷག་པའི་ཉིན་དེའི་ཐད་ཛ་དྲག་གི་ཚོགས་འདུ་ཞིག་འཚོགས་འཆར་ཡོད་འདུག
ད་བར་(WHO)་ཞེས་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་(Sars)་ཞེས་པའི་ཆམ་ནད་ལྟ་བུའི་ནད་གཞི་གསར་བ་ཞིག་རྒྱ་ནག་གི་ཝུའུ་ཧན་(Wuhan)་གྲོང་ཁྱེར་ནས་ད་ལྟ་རྒྱ་ནག་ཕྱི་ཕྱོགས་ཐེ་ཝན་དང་། ཐེ་ལེན་ཊི། ཉི་ཧོང་། ཨ་རི་སོགས་སུ་ཡང་ཁྱབ་གདལ་དུ་འགྲོ་བཞིན་ཡོད་འདུག
ད་ལྟའི་ཆར་རྒྱ་ནག་ཧྲང་ཧེ་ལ་གནས་སྡོད་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ནད་གཞི་དེ་ད་ཆ་བོད་ནང་ཁྱབ་གདལ་དུ་སོང་ཡོད་མེད་ཁ་གསལ་མེད་པས། དེང་སྐབས་དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བས་རྒྱ་ནག་ནང་ཕར་ཚུར་འགྲུལ་བཞུད་བྱེད་མཁན་མང་བའི་དུས་སྐབས་ཞིག་ཡིན་པར་བརྟེན། ཚང་མས་གཟབ་ནན་དགོས་བ་འགྲེལ་བརྗོད་གནང་བྱུང་།
ནད་གཞི་དེའི་སྔོན་རྟགས་གཙོ་བོ་ནི། ལུས་ལ་ཚ་བ་འཕར་བ་དང་། གློ་རྒྱག་པ། ཐང་ཆད་པ་སོགས་ཡོང་གི་ཡོད་ལུགས་ཕྱི་ལུགས་སྨན་པ་སྐུའི་བླ་སྨན་པ་གསང་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་འགྲེལ་བརྗོད་གནང་བ་དང་། ཡང་སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། ནད་གཞི་དེ་སྔོན་འགོག་ལས་དོན་གཙོ་བོ་ནི་མི་ཚོགས་མང་པོའི་ཁྲོད་འགྲོ་སྐབས་ཁ་རས་རྒྱག་རྒྱུ་དང་། ལག་པ་ཡང་ཡང་བཀྲུ་བ། ནད་རྟགས་དེ་རིགས་ཡོད་མཁན་དང་ཐག་རིང་ཙམ་སྡོད་དགོས་བ་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་ཚོས་ནད་གཞི་དེ་མི་ཕན་ཚུན་བར་འགོས་སླ་བའི་འགོས་ནད་ཞིག་ཡིན་པ་བཤད་པར་བརྟེན། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་འདི་ཚེས་༢༢་རེས་གཟའ་ལྷག་པའི་ཉིན་དེའི་ཐད་ཛ་དྲག་གི་ཚོགས་འདུ་ཞིག་འཚོགས་འཆར་ཡོད་པ་དང་། སྐབས་དེར་རྒྱ་ནག་ནས་ཧོང་ཀོང་སོགས་ཀྱི་ནང་ཁྱབ་གདལ་དུ་འགྲོ་བཞིན་པའི་ནད་གཞི་གསར་བ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ། འཕྲོད་བསྟེན་གྱི་ཛ་དྲག་གི་ཉེན་ཁ་ཡོད་མེད་གསལ་བསྒྲགས་དགོས་མིན་ཐག་གཅོད་བྱེད་འཆར་ཡོད་པ་དང་། དེ་ནི་ཛ་དྲག་ནད་ཡམས་ཁྱབ་གདལ་དུ་ཤུགས་ཆེ་ཕྱིན་པ་ཡིན་ན་མ་གཏོགས་གནང་སྲོལ་མེད་པ་ཞིག་ཡིན་འདུག་ལ། དེ་སྔ་(Sars)་ཞེས་ཆམ་ནད་གསར་པ་དེ་ཐོག་མར་སེམས་ཅན་ནས་བྱུང་ལུགས་གསུངས་ཡོད་པ་རེད་ལ། ད་ལྟ་(Wuhan)་གྲོང་ཁྱེར་ནས་བྱུང་བའི་ནད་གཞི་གསར་བ་དེ་རྒྱ་མཚོ་ནས་ཐོན་པའི་ཟས་ཀྱི་ཁྲོམ་ས་ནས་བྱུང་བར་ཡིད་ཆེས་བྱེད་ཀྱི་ཡོད་འདུག
ཆམ་ནད་ལྟ་བུའི་ནད་གཞི་གསར་པ་དེ་ཐོག་མར་རྒྱ་ནག་དབུས་ཀྱི་གྲོང་ཁྱེར་ཝུའུ་ཧན་(Wuhan)་ནང་ཐོན་པ་དང་། ནད་གཞི་དེ་སྔའི་(Sars)་ཞེས་པའི་ནད་གཞི་དང་མཚུངས་པ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༠༢་ལོར་(Sars)་ནད་དེ་ཐོག་མར་རྒྱ་ནག་གི་ལྷོ་ཕྱོགས་ནས་ཧོང་ཀོང་ནང་ཁྱབ་པ་དང་། དེ་ནས་རིམ་བཞིན་འཛམ་གླིང་ཡོངས་ལ་ཁྱབ་གདལ་དུ་ཕྱིན་ནས་མི་གྲངས་༨༠༠་ལྷག་ལ་ནད་དེ་ཕོག་ནས་འཆི་སྐྱོན་བྱུང་ཡོད་པ་རེད།
ད་བར་རྒྱ་ནག་ཝུའུ་ཧན་(Wuhan)་ནས་ཐོན་པའི་ནད་གཞི་གསར་བ་དེ་ཕོག་མཁན་མི་གྲངས་༣༠༠་བར་འཕར་ཡོད་པ་དང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་། གྲོང་ཁྱེར་ཧྲང་ཧེ། དེ་བཞིན་རྒྱ་ནག་གི་ལྷོ་ཕྱོགས་ཞིང་ཆེན་ཀོང་ཏུང་(Guangdong)་ནང་ལ་ཡང་ནད་དེ་ཁྱབ་ཡོད་པ་དང་། ས་གནས་ཀྱི་འཕྲོད་བསྟེན་ལས་ཁང་ལྟར་ན། ཝུའུ་ཧན་(Wuhan)་གྲོང་ཁྱེར་ནང་ནད་དེ་ན་བའི་མི་གསུམ་པ་དེ་རྐྱེན་འདས་སུ་ཕྱིན་འདུག


མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།