རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་བདེ་འཇགས་སྲུང་སྐྱོབ་དམ་པོའི་འོག་ཧོང་ཀོང་ནང་འབྱོར་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཧོང་ཀོང་ནང་འབྱོར་སྐབས། ༠༦།༣༠།༢༠༢༢
རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཧོང་ཀོང་ནང་འབྱོར་སྐབས། ༠༦།༣༠།༢༠༢༢ (AP)

0:00 / 0:00

འདི་ཚེས་༣༠ཉིན་གློ་བུར་རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་ཧོང་ཀོང་ནང་གི་མེ་འཁོར་འབབ་ཚུགས་སུ་འབྱོར་བའི་སྐབས། ཁོང་གིས་འདས་པའི་དུས་ཡུན་གང་མཚམས་རིང་ཧོང་ཀོང་གཞུང་དམངས་གཉིས་ཀྱིས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱས་པའི་རྗེས། ཧོང་ཀོང་དེ་བཞིན་སླར་གསོའི་ལམ་བུར་བསྐྱོད་བཞིན་ཡོད་ལུགས་དང་། དོན་དངོས་ཐོག་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལ་སྲོག་སྙིང་ཤུགས་ཆེ་ལྡན་ཡོད་པ་དང་། ལམ་ལུགས་དེས་ཧོང་ཀོང་དེ་བཞིན་རྒྱུན་རིང་ཡར་རྒྱས་གོང་འཕེལ་དང་བརྟན་ལྷིང་ཡོང་རྒྱུ་མ་ཟད། ཧོང་ཀོང་མི་དམངས་ཀྱི་ཕན་བདེར་སྲུང་སྐྱོབ་ཐོབ་རྒྱུ་ཡིན་ཞིང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་དེ་བཞིན་ལམ་ལུགས་ཡག་པོ་ཞིག་ཡིན་རེད་ཅེས་བརྗོད་འདུག
དེའི་ཐད་ཕྱི་རྒྱལ་ནང་བཙན་བྱོལ་དུ་ཡོད་པའི་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཟུར་པ་ཞུའུ་ཀྲེ་ཕང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་དེ་ནི་ཧོང་ཀོང་དང་རྒྱ་ནག་བར་ལམ་ལུགས་མི་འདྲ་བ་གཉིས་ཡིན་པ་མཚོན་ཆེད་ཡིན་པ་དང་། ཞི་ཅིང་ཕིང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནི་ལམ་ལུགས་ཡག་པོ་ཞིག་ཡིན་ལུགས་བཤད་ཡོད་ཀྱང་། ཧོང་ཀོང་མི་མང་ཚོར་ཞི་ཅིང་ཕིང་གི་ཚོར་སྣང་དང་གཅིག་འཚུངས་མིན་པའི་ཚོར་བ་ཞིག་ཡོང་བཞིན་ཡོད་པ་དང་། ཧོང་ཀོང་གི་གཞི་རྩའི་ཁྲིམས་ལུགས་ནང་འགྲོ་བ་མིའི་ཐོབ་ཐང་ལ་འགན་ལེན་ཡོད་པ་བཀོད་ཡོད་ཀྱང་། ད་ཆ་ཁྲིམས་ལུགས་ཀྱི་ནང་དོན་དེ་རིགས་རྩ་བ་ནས་བརྩི་མེད་བཏང་ནས་ཧོང་ཀོང་དེ་བཞིན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་མིན་པར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཅིག་ཏུ་བསྒྱུར་ཟིན་ཡོད་པ་རེད་ཅེས་གསུངས་འདུག
ཧོང་ཀོང་གི་གསརའགྱུར་རྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བའི་ནང་། ཕྱི་ཚེས་༣༠ཉིན་ཞི་ཅིན་ཕིང་དང་ཁོང་གི་བཟའ་ཟླ་གཉིས་ཧོང་ཀོང་ནང་འབྱོར་ནས་ཉིན་དེའི་དགོང་མོ་ཧོང་ཀོང་གི་སྤྱི་ཁྱབ་ཟུར་པ་ཁཱེ་རོས་ལེམ་གྱིས་དགོང་དྲོའི་གསོལ་སྟོན་ལ་བསྐྱོད་ཀྱི་ཡོད་པ་དང་། དེའི་རྗེས་ཧྲིན་ཀྲན་དུ་ཕྱིར་ལོག་གིས་ཕྱི་ཟླ་བདུན་པའི་ཚེས་༡གི་ཞོགས་པར་ཧྲིན་ཀྲན་ནས་ཕྱིར་ཧོང་ཀོང་ནང་ཡོང་ནས་ཧོང་ཀོང་རྩིས་ལེན་བྱས་ནས་ལོ་ངོ་༢༥འཁོར་བའི་དུས་དྲན་གྱི་མཛད་སྒོ་དང་། དེ་བཞིན་ཧོང་ཀོང་གི་སྤྱི་ཁྱབ་གསར་པའི་དམ་འབུམ་མཛད་སྒོར་ཞུགས་ནས་མཛད་སྒོ་མཇུག་སྒྲིལ་རྗེས་གནམ་གྲུར་བསྡད་ནས་པེ་ཅིན་དུ་ཕྱིར་ལོག་བྱེད་ཀྱི་ཡོད་འདུག

xi jinping hongkong (1).jpg
Police guard a closed road outside the west kowloon station in Hong Kong on June 30, 2022, after Chinese President Xi Jinping arrives in Hong Kong to celebrate the 25th anniversary of the handover of Hong Kong from Britain to China taking place on July 1. (Photo by ISAAC LAWRENCE / AFP) (ISAAC LAWRENCE/AFP)


ཞི་ཅིང་ཕིང་ད་རེས་ཧོང་ཀོང་གི་བདག་དབང་རྩིས་ལེན་བྱས་ནས་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་དུས་དྲན་གྱི་མཛད་སྒོར་མཉམ་ཞུགས་བྱེད་བཞིན་པར་ཧོང་ཀོང་ནང་བདེ་འཇགས་ཀྱི་དམ་དྲག་ཧ་ཅང་ཆེན་པོ་བྱས་ཡོད་པ་དང་། ལྷག་པར་དུ་ཉིན་གཅིག་སྔོན་ཧོང་ཀོང་ནང་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་མི་གྲངས་གཅིག་སྟོང་ཙམ་ཐོན་ཡོད་པ་སོགས་ཀྱིས་ད་རེས་ཞི་ཅིང་ཕིང་ལ་ནད་ཡམས་དང་། དེ་བཞིན་ཁོང་རང་ཉིད་ཀྱི་བདེ་འཇགས་ལ་གནོད་འཚེ་ཡོང་རྒྱུར་ཞེད་སྣང་ཆེན་པོ་བྱེད་ཀྱི་ཡོད་པའི་སྐོར་ཧོང་ཀོང་གི་གནད་དོན་དབྱེ་ཞིབ་པ་སྐུ་ཞབས་སང་ཕུའུ་ཡིས་འདི་གའི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པར་འགྲེལ་བརྗོད་གནང་འདུག
ཧྥ་རན་སི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་རེས་གློ་བུར་དུ་རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་ཧོང་ཀོང་ནང་བསྐྱོད་པ་དེ། ཕྱི་ལོ་༢༠༡༩ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གཏན་འབེབས་ལག་བསྟར་བྱ་རྒྱུ་འགོག་ཐབས་ཆེད་ཧོང་ཀོང་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་བྱུང་ནས་ཧོང་ཀོང་གཞུང་གིས་ངོ་རྒོལ་གྱི་ལས་འགུལ་དེར་དྲག་གནོན་བྱས་པའི་རྗེས་ཧོང་ཀོང་ནང་བསྐྱོད་པ་ཐོག་མ་དེ་ཡིན་ཞིང་། ཞི་ཅིང་ཕིང་ད་རེས་ཧོང་ཀོང་གི་བདག་དབང་རྩིས་ལེན་བྱས་ནས་ལོ་༢༥འཁོར་བའི་དུས་དྲན་གྱི་མཛད་སྒོར་བསྐྱོད་པ་དེ་ཡང་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་ནང་སྟངས་འཛིན་གྱི་དབང་ཚད་སྲ་བརྟན་གཏོང་ཐབས་ཆེད་ཡིན་པའི་སྐོར་གནས་ཚུལ་ནང་བཀོད་འདུག
ཕྱི་ཟླ་བདུན་པའི་ཚེས་༡ གཟའ་པ་སངས་ཉིན་ཧོང་ཀོང་གི་བདག་དབང་རྒྱ་ནག་གཞུང་གིས་དབྱིན་ཇིའི་དབང་འོག་ནས་རྩིས་ལེན་བྱས་ནས་ལོ་ངོ་༢༥འཁོར་བའི་དུས་དྲན་གྱི་མཛད་སྒོ་སྤེལ་གྱི་ཡོད་པ་དང་། ཧོང་ཀོང་གི་བདག་དབང་རྒྱ་ནག་གཞུང་གིས་དབྱིན་ཇིའི་ལག་ནས་རྩིས་ལེན་བྱས་པའི་སྐབས་ཕྱོགས་གཉིས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་མ་འོངས་ལོ་ངོ་ལྔ་ཅུའི་རིང་ཧོང་ཀོང་གི་ད་ཡོད་གནས་སྟངས་ལ་བསྒྱུར་བཅོས་བྱ་རྒྱུ་མིན་པ་ཁས་ལེན་ས་རྟགས་འཁོད་ཡོད། ཡིན་ན་ཡང་ཕྱི་ལོ་༢༠༡༩ལོར་ཧོང་ཀོང་ནང་ཞི་བའི་ངོ་རྒོལ་ལས་འགུལ་བྱུང་རྗེས་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་གཏན་འབེབས་ཀྱིས་ཧོང་ཀོང་ནང་ལག་བསྟར་བྱས་ནས་ཧོང་ཀོང་གི་རང་དབང་མུ་མཐུད་དུ་གནས་རྒྱུའི་ཁས་ལེན་ལ་བརྩི་མེད་རྡོག་རོལ་བཏང་ཡོད་པ་སྐྱོན་བརྗོད་བྱེད་མཁན་ཚོས་བརྗོད་ཀྱི་ཡོད་པ་རེད།
ད་རེས་ཞི་ཅིང་ཕིང་ཧོང་ཀོང་ནང་བསྐྱོད་པ་དེ་ཡང་གསང་བ་དང་བདེ་འཇགས་ཀྱི་སྲུང་སྐྱོབས་ཧ་ཅང་ནན་པོའི་འོག་བསྐྱོད་ཡོད་འདུག
རྒྱ་ནག་གཞུང་གིས་བོད་ནང་དུ་ཡང་དེ་ལྟར་གྱི་སྲིད་བྱུས་ལག་བསྟར་བྱས་ཡོད་པ་ནི། ཐོག་མར་བོད་ནང་རྒྱ་ནག་གི་དམག་དཔུང་སླེབས་པའི་སྐབས་བོད་རྒྱ་ཆེའི་མི་དམངས་བཅིངས་གྲོལ་གཏོང་མཁན་ཡིན་ལུགས་ཀྱི་དྲིལ་བསྒྲགས་ཤུགས་ཆེ་བྱས་ནས། བོད་གཞུང་གི་དེ་སྔོན་གྱི་སྒྲིག་གཞི་དང་གནས་བབས་ལ་འགྱུར་བ་གཏོང་རྒྱུ་མིན་ལུགས་ཁས་ལེན་བྱས་ཡོད་ཀྱང་། རིམ་པས་བཙན་བཟུང་བྱས་རྗེས་བོད་ནང་བོད་ནང་དྲག་གནོན་གྱིས་རྒྱ་ནག་རང་ཉིད་ཀྱི་འདོད་མོས་བཞིན་འགྱུར་བ་བཏང་ཡོད་ལུགས་དེ་སྔ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་དགེ་རྒན་ཆེན་མོ་གནང་མྱོང་མཁན་འབུམ་རམ་པ་རྒྱལ་ལོ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་ཡོད།

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།