བོད་ལ་དབྱིན་སྐད་ཐོག་ Tibet ཞེས་པའི་ཚབ་ཏུ་ Xizang ཞེས་ཐ་སྙད་བཀོལ་སྤྱོད་བཙན་བཀའ་བཏང་བས་རྒྱ་གར་གྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་ཡོད།

2023.12.16
བོད་ལ་དབྱིན་སྐད་ཐོག་ Tibet ཞེས་པའི་ཚབ་ཏུ་ Xizang ཞེས་ཐ་སྙད་བཀོལ་སྤྱོད་བཙན་བཀའ་བཏང་བས་རྒྱ་གར་གྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་ཡོད།
ཨེ་པི།

རྒྱ་གར་གྱི་གཞུང་འབྲེལ་མི་སྣ་དང་གནད་དོན་དབྱེ་ཞིབ་པ། དེ་བཞིན་སྤྱི་དམངས་སོགས་ཀྱི་ཁྲོད་རྒྱ་གར་གྱི་ས་མཚམས་སུ་བོད་ཡོད་པ་ལས། རྒྱ་ནག་མེད་ཅེས་པའི་སྐོར་བགྲོ་གླེང་རིམ་པ་བྱུང་དང་འབྱུང་མུས་ཡིན་པའི་དུས་སྐབས་འདིར། རྒྱ་ནག་གཞུང་གིས།  བོད་དང་འབྲེལ་བའི་གཞུང་འབྲེལ་ཡིག་ཆ་དང་། གསར་འགོད་གསལ་བསྒྲགས། ཆབ་སྲིད་དྲིལ་བསྒྲགས་སོགས་ཀྱི་ནང་། བོད་ལ་Tibetཞེས་པའི་དབྱིན་ཡིག་ཐ་སྙད་དེའི་ཚབ་ཏུ་རྒྱ་ཡིག་གི་ཐད་སྙད་ཤི་ཙང་(Xizang)ཞེས་པ་དེ་བཀོལ་སྤྱོད་བྱེད་འགོ་བཙུགས་ཡོད་པ་རེད། དཔེར་ན། ཉེ་ལམ་ཐོན་པའི་གནས་ཚུལ་གསར་ཤོས་ཤིག་ནི། སྤྱི་ཟླ་༡༡ ཚེས་༡༠ ཉིན་རྒྱ་ནག་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་ཡིག་ཆའི་འགོ་བརྗོད་དུ་༼དུས་རབས་གསར་པའི་ནང་རྒྱ་ནག་དམར་ཤོག་གཞུང་གི་ཤི་ཙང་ཐོག་འཛིན་པའི་སྲིད་བྱུས། CPC Policies on the Governance Of Xizang in the New Era༽ཞེས་བཀོད་འདུག

གནད་དོན་དེ་དང་འབྲེལ་ནས་རྒྱ་གར་གྱི་གནད་ཡོད་མི་སྣ་དང་ཉམས་ཞིབ་པ་ཚོས། རྒྱ་ནག་གཞུང་གིས་དབྱིན་ཡིག་གི་ཐད་སྙད་Tibetཞེས་པའི་ཚབ་ཏུ་Xizang ཞེས་མིང་བསྒྱུར་བྱས་པ་དེས་རྒྱ་གར་དང་བོད་ཀྱི་འབྲེལ་ལམ་དང་། ལྷག་དོན་རྒྱ་གར་གྱི་ས་མཚམས་དང་བདེ་འཇགས་སོགས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་རྒྱུ་ཡིན་པ་བརྗོད་ཀྱི་འདུག་པ་མ་ཟད། འདི་ཚེས་༡༢ ཉིན་རྒྱ་གར་གྱི་ India Today གསར་སྤེལ་ཁང་གིས་ཀྱང་དེའི་སྐོར་གནས་ཚུལ་བཀོད་སྤེལ་བྱས་ཏེ། བོད་ལ་Xizang ཞེས་མིང་འགྱུར་བྱས་པ་དེས་རྒྱ་ནག་གཞུང་ཙམ་མིན་པར། སྤྱི་དམངས་ཁྲོད་བོད་ཀྱི་ལོ་རྒྱུས་ཐོག་འཁྱོག་བཤད་བྱེད་རྒྱུ་སྟབས་བདེ་རུ་ཕྱིན་ཡོད་ཚུལ་བརྗོད་འདུག

རྒྱ་གར་གྱི་དམག་དཔོན་ཟུར་པ་དང་གནད་དོན་དབྱེ་ཞིབ་པ་སྐུ་ཞབས་Amit Bansal ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་བོད་ཅེས་པའི་གནའ་སྔ་མོ་ནས་ཡོངས་སུ་གྲགས་པའི་ཐ་སྙད་ལ་བསྒྱུར་བ་བཏང་བ་དེས། དེ་སྔ་བོད་དང་རྒྱ་གར་དབར་བཞག་པའི་ཆིངས་ཡིག་དང་ལོ་རྒྱུས་ཡིག་ཆག་མང་པོ་ཞིག་ནུས་མེད་བཟོ་རྒྱུར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱི་ཡོད། དཔེར་ན། སྤྱི་ལོ་༡༨༤༢ལོར་བོད་དང་ལ་དྭགས་གཉིས་དབར་ས་མཚམས་རྩོད་རྙོག་དང་འབྲེལ་བའི་ཆིངས་ཡིག་བཞག་ཡོད་པ་དེར་ཤུགས་རྐྱེན་ཐེབས་སྲིད། ད་དུང་རྒྱ་ནག་གཞུང་གིས། དབྱིན་ཡིག་ཐ་སྙད་Tibetཞེས་པ་དེ་བོད་རང་སྐྱོང་ལྗོངས་གཅིག་པུར་གོ་ཡི་ཡོད་པ་ལྟ་བུ་བཟོ་བཞིན་པར་བརྟེན་ལོ་རྒྱུས་དང་ཕྱོགས་གང་ས་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ལྷག་པར་དུ་མིང་བསྒྱུར་བྱས་པ་དེས་བོད་དང་རྒྱ་གར་གཉིས་དབར་རིག་གཞུང་གི་ཐོག་ནས་འབྲེལ་བ་གཏིང་ཟབ་ཡོད་པ་དེ་ལ་ཡང་ཤུགས་རྐྱེན་ཐེབས་སྲིད་ཅེས་འགྲེལ་བརྗོད་གནང་བྱུང་།         རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་། སྲིད་བྱུས་དང་དྲིལ་བསྒྲགས་སྣ་ཚོགས་ཀྱི་ལམ་ནས་བོད་ཀྱི་ལོ་རྒྱུས་དང་རིག་གནས་སོགས་ལ་འཁྱོག་བཤད་བྱས་ཡོད་པ་རེད། དཔེར་ན། རིག་གནས་གསར་བརྗེའི་སྐབས། བོད་ཀྱི་ས་ཆ། གཞུང་ལམ། གྲོང་གསེབ། ལས་ཁུངས། ཐ་ན་མིའི་མིང་སོགས་ལ་བསྒྱུར་བ་བཏང་སྟེ་ རྒྱ་ནག་གི་ཁྱད་ཆོས་ལྡན་པའི་མིང་བཏགས་ཡོད་པ་རེད།

ཡང་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་Observer Research Foundation ཞེས་པའི་ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་Kalpit Mankikar ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་བོད་ཙམ་མ་ཟད། རྒྱ་གར་གྱི་ཨ་རུ་ཎཱ་ཅལ་མངའ་སྡེར་Zangnan ཞེས་མིང་བསྒྱུར་བྱས་ཏེ། རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པ་དེས་རྒྱ་གར་གྱི་རྒྱལ་སྲུང་ལ་བློ་འཚབ་སྐྱེ་གཞིར་གྱུར་ཡོད། ལོ་རྒྱུས་རང་བཞིན་ལྡན་པའི་ས་ཁུལ་ཁག་ལ་མིང་བསྒྱུར་བྱས་པ་སོགས་རྒྱ་ནག་གི་བོད་ཀྱི་ཐ་སྙད་ཁག་ལ་བསྒྱུར་བ་བཏང་དང་གཏོང་བཞིན་པ་ནི། ལོ་མང་གོང་ནས་གྲ་སྒྲིག་བྱས་པའི་རྒྱ་ནག་གི་སྲིད་བྱུས་ཡིན་པ་འགྲེལ་བརྗོད་གནང་བྱུང་།།

གསར་འགོད་པ། བློ་བཟང་དགེ་ལེགས།

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཞབས་ལོ་ཉི་ཤུ་འཁོར་བ་རྣམས་ལ་སྲོང་བཙན་སྒམ་པོའི་སྐུ་བརྙན་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎