བོད་མི་མང་སྤྱི་ཟུར་དྭངས་ཤར་ཡོན་ཏན་རྒྱ་མཚོ་ལགས་དགུང་ལོ་ ༨༧ ཐོག་འདས་གྲོངས་སུ་ཕེབས་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༨ ཉིན། བོད་མི་མང་སྤྱི་ཟུར་དང་དབུས་གཙང་ཆོལ་ཁ་གསར་འཛུགས་གནང་མཁན་གྱི་གྲས་སུ་ཡོད་པ། དྭངས་ཤར་ཡོན་ཏན་རྒྱ་མཚོ་ལགས་བཞུགས་སྒར་དྷ་རམ་ས་ལར་དགུང་ལོ་ ༨༧ ཐོག་འདས་གྲོངས་སུ་ཕེབས་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་། དམ་པ་ཁོང་གིས་བོད་བསྟན་སྲིད་མི་རིགས་དང་། བོད་མིའི་སྒྲིག་འཛུགས། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་ཁོང་སྐུ་ཚེ་མ་ཟིན་པར་ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ལ་ཐུགས་གསོ་ཡོད་པ་གསུངས་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ད་དུང་། འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ལ་སྐྱེ་འཆིའི་རང་དབང་མེད་པ་ཆོས་ཉིད་ལ་དགོངས་རྒྱ་ཆེ་བཞེས་དང་འབྲེལ། དམ་པ་དེ་ཉིད་ཀྱི་ཆེད་རྣམ་དཀར་དགེ་ཚོགས་ཀྱི་གནང་སྒོ་རིམ་པ་གནང་བཞིན་ཡོད་པར་གཞིར་བཅས། མཆོག་གསུམ་རྒྱལ་བའི་སྤྱན་སྔར་མཆོད་སྤྲིན་དང་བཅས་གང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས། འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བཟུང་སྟེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་གསུངས་འདུག
བཙན་བྱོལ་ནང་གི་མི་ལོ་དྲུག་ཅུའི་བྱུང་བ་བརྗོད་པ་ཞེས་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་དཔེ་མཛོད་ཁང་གིས་ཕྱི་ལོ་ ༢༠༢༡ ལོར་པར་བསྐྲུན་བྱས་པའི་དིང་སྒང་དྭངས་ཤར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་བརྩམས་གནང་བའི་ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་གཉིས་པ་དེའི་ནང་ཁོང་གི་ཁྱིམ་རྒྱུད་མི་ཁུངས་ངོ་སྤྲོད་དང་། རྒྱ་དམག་གིས་དིང་རི་ཁུལ་གྱི་འགོ་དམག་སོགས་ཡུལ་མི་མང་པོ་འཛིན་བཟུང་བཙོན་འཇུག་གིས་དྲག་སྤྱོད་སྣ་ཚོགས་བཏང་པ་སོགས་འཁོད་ཡོད་པ་རེད། ད་དུང་ཕྱག་དེབ་དེའི་ནང་ཁོང་ཤེལ་དཀར་རྫོངས་དིང་རི་དྭངས་ཤར་ཁྱིམ་ཚང་གི་ཡབ་ལྷག་པ་ཚེ་རིང་དང་ཡུམ་ཚེ་རིང་སྒྲོམ་མ་གཉིས་ཀྱི་སྲས་སུ་ ༡༩༣༧ ལོར་སྐྱེས་པ་ཡིན་སྐོར་གསུངས་འདུག
དྭངས་ཤར་ཡོན་ཏན་རྒྱ་མཚོ་ལགས་ནི་གཙང་ལ་སྟོད་དིང་རི་སྒང་དཀར་དུ་སྐུ་འཁྲུངས་ཤིང༌། ཕྱི་ལོ་ ༡༩༥༩ ཟླ་ ༤ ནང་བལ་ཡུལ་ཤར་ཁུམ་བུར་བཙན་བྱོལ་དུ་ཕེབས། ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་མནའ་གན་མཐུ་མོ་ཆེ་འཇོག་གནང་སྐབས་མཉམ་ཞུགས་གནང་པ་དང་། ཕྱི་ལོ་ ༡༩༨༣ ཟླ་ ༣ ཚེས་ ༡༦ ཉིན་རྡ་རམ་ས་ལར་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ལས་སྐབས་དང་པོ་དབུ་འཛུགས་གནང་མཁན་གྲས་སུ་ཡོད་པ་རེད།
ཕྱི་ལོ་ ༡༩༩༦ ལོར་སྐབས་ ༡༢ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབུས་གཙང་སྤྱི་འཐུས་ཀྱི་ལས་འགན་ལོ་ལྔ་ཞུས། ཕྱི་ལོ་ ༢༠༠༡ ནས་རྡ་ས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོའི་ལས་འགན་ལོ་གསུམ་ཞུས། ཕྱི་ལོ་ ༢༠༠༨ ནས་རྡ་སར་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་གཞོན་པའི་ལས་འགན་ལོ་ངོ་བརྒྱད་ཞུས། ཕྱི་ལོ་ ༢༠༠༨ ནས་རྒྱ་གར་ཁྲིམས་མཐུན་གཞིར་བཟུང་འཚེ་མེད་ཞི་བའི་ལྟ་སྒྲུབ་སྦྱོང་བརྡར་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་ནང་ཕྱག་ལས་གནང་པ་སོགས་སྐུ་ཚེ་ཧྲིལ་པོ་བོད་མི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཞབས་ཞུ་བསྒྲུབས་གནང་ཡོད་པ་རེད།།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།