ནག་ཆུ་མཚེའུ་གཉིས་རྫོང་སོཊ་ནས་ལྷོ་ཁ་སྲིན་པོ་རིར་མི་གྲངས་ཁྲི་བཞི་ལྷག་སྤོས་ཟིན་འདུག

ནག་ཆུ་མཚེའུ་གཉིས་རྫོང་སོཊ་ནས་འབྲོག་པ་གནས་སྤོ་བྱས་བཅུག་ཀྱང་མཚེའུ་གཉིས་རྫོང་དུ་རྒྱ་རིཊ་ལས་མི་མང་པོ་སླེབས་ཡོད་པ།

ནག་ཆུ་མཚེའུ་གཉིས་རྫོང་གི་འབྲོག་པ་ཡོངས་རྫོགས་ལྷོ་ཁ་གོང་དཀར་རྫོང་ཁོངས་ཀྱི་སྲིན་པོ་རིར་གནས་སྤོ་བྱས་པའི་རྗེས་དེ་ཁུལ་དུ་རྒྱ་ནག་གཞུང་གིས་ས་འོག་གི་ནུས་པའི་བྱུང་ཁུངས་ལ་རྟོགས་ཞིབ་བྱེད་བཞིན་ཡོད་པ་དང་། གནས་སྤོ་ཟིན་པའི་འབྲོག་པའི་འཚོ་ཐབས་ལ་མུ་མཐུད་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད་མཚེའུ་གཉིས་རྫོང་དུ་མཚོན་ན་རྒྱ་རིཊ་ལས་མི་མང་པོ་སླེབས་ཡོད་འདུག

ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་ནག་ཆུའི་མཚེའུ་གཉིས་རྫོང་དང་། ཉི་མ་རྫོང་། ཨ་མདོ་རྫོང་སོགས་ནས་སྔ་རྗེས་མི་གྲངས་ཁྲི་བཞི་ལྷག་ཙམ་གནས་སྤོ་བྱེད་བཅུགཡོད་པ་དང་། དེ་ཡང་རྒྱ་ནག་གཞུང་གིས་བརྗོད་པར་གཞིགས་ན། ས་མཐོའི་སྐྱེ་ཁམས་ཁོར་ཡུག་གི་གནས་སྟངས་ཞན་པའི་དབང་གིས་འབྲོག་པའི་འཚོ་བ་དང་འཕྲོད་བསྟེན་གྱི་ཆེད་དུ་དམིགས་ཏེ་གནས་སྤོ་བྱས་པར་འགྲེལ་བརྗོད་བྱས་འདུག འོན་ཀྱང་འབྲོག་པའི་འཚོ་བའི་ཁོར་ཡུག་མེད་པའི་ཞིང་ལས་ཐོན་སྐྱེད་ཀྱི་ས་ཁུལ་ལྷོ་ཁ་ཁུལ་དུ་གནས་སྤོ་བྱས་པའི་རྗེས་སུ་འབྲོག་པ་ཚོར་གནས་སྟངས་འདྲ་མིན་གྱི་དཀའ་ངལ་མང་པོ་འཕྲད་ཡོད་པ་དང་། རང་གི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་ལྷོ་ཁ་སྲིན་པོ་རིར་གནས་སྤོ་བྱས་པའི་འབྲོག་པ་ཞིག་གིས། གཞུང་ཕྱོགས་ནས་ས་ཁུལ་གསར་པའི་ནང་ཁང་པ་གསར་པ་དང་། སློབ་གྲྭ སྨན་ཁང་སོགས་ཁོར་ཡུག་ཅིག་བསྐྲུན་ཡོད་ན་ཡང་འཚོ་ཐབས་ཀྱི་དཀའ་ངལ་ཆེན་པོ་ཡོད་པ་དང་། གཞོན་སྐྱེས་ཚོས་ལག་ཤེས་སྦྱོང་བརྡར་བྱས་ན་ཡང་ལས་ཀ་འཚོལ་རྒྱུར་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད་པས། བྱང་ཐང་གི་འབྲོག་པའི་འཚོ་བ་དྲན་ནས་སྡོད་ཡོད་ཅེས་དང་། འདི་ནི་འཚོ་བ་སྐྱེལ་སྟངས་ཀྱི་རྩ་བའི་འགྱུར་བ་ཞིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།

ནག་ཆུ་མཚེའུ་གཉིས་རྫོང་སོགས་ནས་འབྲོག་པ་མང་དག་ཅིག་ལྷོ་ཁ་སྲིན་པོ་རིར་གནས་སྤོ་བྱས་པ།
འབྲོག་པ་གནས་སྤོ་བྱ་ཡུལ་ལྷོ་ཁ་སྲིན་པོ་རི། ནག་ཆུ་མཚེའུ་གཉིས་རྫོང་སོགས་ནས་འབྲོག་པ་མང་དག་ཅིག་ལྷོ་ཁ་སྲིན་པོ་རིར་གནས་སྤོ་བྱས་པ། (China News)

ཡང་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་ཕྱུགས་རིགས་འཚོ་མཁན་ནས་ཐོན་སྐྱེད་ཀྱི་ལས་བཟོ་བ་ཞེས་འགོ་བརྗོད་དུ་བཀོད་པའི་གནས་ཚུལ་སྤེལ་བའི་ནང་། སྲིན་པོ་རིར་གནས་སྤོ་བྱས་པའི་འབྲོག་པའི་ཁྲོད་རྒྱ་ནག་གཞུང་ཕྱོགས་ནས་ལག་ཤེས་ཀྱི་སྦྱོང་བརྡར་སྣ་ཚོགས་སྤྲད་ཡོད་པ་བརྗོད་འདུག

རྒྱ་རིཊ་ལས་མི་འབྱོར་པ།

ནག་ཆུའི་མཚེའུ་གཉིས་རྫོང་ལ་མཚོན་ན། ས་གནས་ཡུལ་མི་གནས་སྤོ་ཟིན་པའི་རྗེས་རྫོང་གྲོང་སྟོང་པར་འགྱུར་ཡོད་ཀྱང་རྒྱ་ནག་སོགས་ནས་ཕྱི་མི་ལས་ཀར་ཡོང་མཁན་མང་དུ་ཕྱིན་ཡོད་པའི་ཐོག་རྒྱ་མིའི་ཟ་ཁང་དང་ཚོང་ཁང་ཟིན་མཁན་ས་གནས་འདིར་ཡོད་པ་མ་ཟད། ད་དུང་མཚེའུ་གཉིས་རྫོང་གྲོང་ནང་ཡོད་པའི་སློབ་གྲྭའི་འཛིན་གྲྭ་སྟོང་པའི་ནང་ཕྱི་མི་ལས་ཀར་ཡོང་མཁན་གྱི་སྡོད་ཁང་ཆགས་ཡོད་པ་ཡུལ་སྐོར་པའི་བརྙན་པར་ནང་མཐོང་རྒྱུ་འདུག

འབྲོག་པ་ཡོངས་སུ་གནས་སྤོ་བྱེད་པའི་ནག་ཆུ་མཚེའུ་གཉིས་རྫོང་གི་རྣམ་པ།
ནག་ཆུ་མཚེའུ་གཉིས་རྫོང་། འབྲོག་པ་ཡོངས་སུ་གནས་སྤོ་བྱེད་པའི་ནག་ཆུ་མཚེའུ་གཉིས་རྫོང་གི་རྣམ་པ། (ཤིན་ཧྭ་གསར་སྤེལ་ཁང་།)

མཚེའུ་གཉིས་རྫོང་དུ་གཏེར་རིགས་ཐོན་པ།

ནག་ཆུ་ཁུལ་གྱི་གནས་སྟངས་ཤེས་མཁན་བོད་ནང་གི་མི་སྣ་གཞན་ཞིག་གིས། མཚེའུ་གཉིས་རྫོང་ནང་རྡོ་སྣུམ་ཐོན་ཡོད་པ་དང་། ཚྭ་གཏེར་གྱི་མཚེའུ་ཡོད་པས་གསར་སྤེལ་གྱི་ལས་གཞི་དང་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་སོགས་ཡོད་པ་བརྗོད་ཀྱི་འདུག་ཅིང་། ཡུལ་སྐོར་བའི་བརྙན་པར་ནང་། བུ་རོགས་གངས་རིའི་འཁྱགས་རོམ་ལ་རྒྱལ་ཁབ་ཀྱི་ས་གཤིས་རྟོགས་ཞིབ་བྱེད་མཁན་དང་གཞུང་གི་ཆོག་མཆན་ཡོད་པའི་ཚོགས་པ་མ་གཏོགས་ཡུལ་སྐོ་སྤྲོ་འཆམ་པ་ལྟ་སྐོར་དུ་གཏོང་གི་མེད་པ་འགྲེལ་བརྗོད་བྱེད་ཀྱི་འདུག

ནག་ཆུ་ཁུལ་གྱི་གནས་སྟངས་ཤེས་མཁན་བོད་ནང་གི་མི་སྣ་གཞན་ཞིག་གིས། མཚེའུ་གཉིས་རྫོང་ནང་རྡོ་སྣུམ་ཐོན་ཡོད་པ་དང་། ཚྭ་གཏེར་གྱི་མཚེའུ་ཡོད་པས་གསར་སྤེལ་གྱི་ལས་གཞི་དང་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་སོགས་ཡོད་པ་བརྗོད་ཀྱི་འདུག་ཅིང་། ཡུལ་སྐོར་བའི་བརྙན་པར་ནང་། བུ་རོགས་གངས་རིའི་འཁྱགས་རོམ་ལ་རྒྱལ་ཁབ་ཀྱི་ས་གཤིས་རྟོགས་ཞིབ་བྱེད་མཁན་དང་གཞུང་གི་ཆོག་མཆན་ཡོད་པའི་ཚོགས་པ་མ་གཏོགས་ཡུལ་སྐོ་སྤྲོ་འཆམ་པ་ལྟ་སྐོར་དུ་གཏོང་གི་མེད་པ་འགྲེལ་བརྗོད་བྱེད་ཀྱི་འདུག

ཕྱི་ལོ་ ༢༠༢༥ ལོར་བོད་བྱང་ཐང་མཚེའུ་གཉིས་རྫོང་ཁོངས་སུ་ས་གཤིས་བརྟག་དཔྱད་བྱས་པ་བརྒྱུད་རྒྱ་ཁྱོན་ཆེ་བའི་ས་ངོས་ནས་ཐོན་པའི་ལྕགས་རིགས་ཁྲོ་གཏེར་ (Chromite) གསར་དུ་བརྙེད་པ་དང་། ཁྲོ་གཏེར་གྱི་གཏེར་ཁ་ཆགས་པའི་རྒྱ་ཁྱོན་ཆེ་བ་དང་། གཏེར་རྡོའི་སྤུས་ཚད་མཐོ་བ་སོགས་ཐོག་མའི་བརྟག་དཔྱད་དང་ཞིབ་འཇུག་ལས་མངོན་གྱི་ཡོད་པ་བརྗོད་འདུག

གཞན་ཡང་མཚེའུ་གཉིས་རྫོང་གི་ནང་ཉི་འོད་གློག་འདོན་འཕྲུལ་ཆས་གཞི་ཁྱོན་ཆེན་པོ་བཙུགས་ཡོད་པ་དེ་ཡང་ནུས་པའི་འབྱུང་ཁུངས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

མིང་འདོན་གནང་འདོད་མེད་པའི་མི་སྣ་གཞན་ཞིག་གིས་ལོ་རབས་ ༦༠ དང་ ༧༠ ནས་འགོ་བཙུགས་ཏེ་བོད་ཀྱི་བྱང་ཐང་ཁུལ་དུ་རྡོ་སྣུམ་ཀྱི་བྱུང་ཁུངས་ཡོད་པ་དོ་སྣང་ཆེན་པོ་བྱུང་པ་དང་། ལོ་རབས་ ༨༠ དང་ ༩༠ ནས་བཟུང་རྒྱ་ནག་གི་རྡོ་སྣུམ་ཟེར་བ་སོགས་དབུས་ཀྱི་ཁེ་ལས་ཚན་པ་ཁག་གིས་སྔ་རྗེས་སུ་བོད་དུ་བསྐྱོད་ནས་གཏིང་ཟབ་པའི་འཚོལ་ཞིབ་ལས་དོན་འགོ་བཙུགས་པ་དང་། དེ་ནས་ས་མཐོའི་སྐྱེ་ཁམས་ཡུལ་སྤོས་ལས་དོན་ཟེར་བ་སྤེལ་འགོ་བཙུགས་ཡོད་པ་རེད། བྱང་ཐང་ཁུལ་དུ་རྡོ་སྣུམ་ཐོན་ཁུངས་ཡོད་སྐོར་བོད་ནང་དུ་བཤད་མཁན་མང་པོ་ཡོད་ཀྱང་གཞུང་འབྲེལ་གྱིས་འགྲེལ་བརྗོད་བྱས་སྐོར་མཐོང་རྒྱུ་མི་འདུག་ཅེས་གསུངས་བྱུང་།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོ།

ཡང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༡ ཉིན་མང་ཚོགས་ལ་སློབ་གསོ་སྤྲད་དེ་གྲོང་གསེབ་ཀྱི་བོད་མི་རྣམས་གནས་སྤོ་བྱེད་པ་ཞེས་མིང་བྱང་དུ་འཁོད་པའི་ཤོག་གྲངས་ ༧༡ ཅན་གྱི་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། བོད་ས་ཁྱོན་ཡོངས་སུ་བོད་མི་འབུམ་ ༧ ཙམ་གནས་སྤོ་བྱེད་པའི་ལས་གཞི་ལག་བསྟར་བྱེད་བཞིན་ཡོད་པ་འཁོད་ཡོད་ཅིང་། ནག་ཆུའི་ཉེ་འབྲེལ་ལྷ་སའི་ཉེ་འདབས་སུ་འཁེལ་བའི་འདམ་གཞུང་ཁུལ་ནས་ལྷ་སའི་ཀུ་རུ་ཟམ་པའི་ཉེ་འཁྲིས་སུ་གནས་སྤོ་བྱེད་བཅུག་པ་རང་གི་བདེ་འཇགས་ཆེད་མིང་འདོགས་སུ་བཀྲིས་ཞུ་བ་ཞིག་གིས། འདམ་གཞུང་དུ་གནའ་སྔ་མོ་མེས་པོ་ཚོའི་དུས་ནས་འཚོ་བ་བསྐྱེལ་བཞིན་པའི་འབྲོག་པའི་ཁྱིམ་གཞི་དེ་ནས་གདམ་ཀ་མེད་པར་སྤོ་རུ་བཅུག་པ་དང་། རྒྱ་ནག་གཞུང་གི་ལས་བྱེད་པ་ཚོས་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱེད་ཡོད་ཀྱང་། དོན་དུ་ལས་མེད་དང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་པ། སྤྱི་ཚོགས་ནང་མཐའ་བྲལ་དུ་བུད་པ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་བརྗོད་འདུག

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།