རྒྱ་ནག་གཞུང་གིས་ནག་ཆུའི་འབྲོག་པ་ཁྲི་གཉིས་མ་ཟིན་ཙམ་གནས་སྤོ་རུ་འཇུག་བཞིན་འདུག

2022.06.28
རྒྱ་ནག་གཞུང་གིས་ནག་ཆུའི་འབྲོག་པ་ཁྲི་གཉིས་མ་ཟིན་ཙམ་གནས་སྤོ་རུ་འཇུག་བཞིན་འདུག ནག་ཆུ་ཕྱོགས་ཀྱི་ས་ཁྲ།
RFA

རྒྱ་ནག་གཞུང་གིས་མི་མང་གི་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་། ས་ཁུལ་དེའི་ཁོར་ཡུག་སྲུང་སྐྱོབ་ཟེར་བའི་མིང་ཐོག་ནས་གནས་སྤོའི་ལས་གཞི་ཞིག་སྤེལ་ཏེ། ཧ་ལམ་བོད་མི་༡༧༥༥༥བོད་ཀྱི་ས་བབ་མཐོ་བའི་ནག་ཆུ་ས་ཁུལ་ནས་བོད་ཀྱི་ས་བབ་ཅུང་དམའ་སའི་ལྷོ་ཁའི་ཕྱོགས་སུ་གནས་སྤོར་བྱེད་རྒྱུ་ཡིན་པ་བརྗོད་འདུག་ལ། དེ་བཞིན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ནང་། མ་འོངས་པའི་ཟླ་བ་གཅིག་དང་ཕྱེད་ཀའི་རིང་བོད་མི་དེ་དག་རྒྱ་མཚོ་ནས་མཐོ་ཚད་མི་ཊར་༤༥༠༠ཡན་གྱི་ནག་ཆུ་ནས་རྒྱ་མཚོ་ནས་མཐོ་ཚད་མི་ཊར་༣༦༠༠ཡས་མས་མིའི་འཚོ་སྡོད་ལ་འོས་འཚམ་ཡོད་པའི་ལྷོ་ཁར་གནས་སྤོ་བྱ་རྒྱུ་བརྗོད་འདུག
ནག་ཆུ་ས་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་དོ་དམ་ལས་ཁུངས་ཀྱི་འགན་འཛིན་(Wu Wei)་ནས་དེ་ནི་ནག་ཆུ་གྲོང་ཁྱེར་གྱི་མི་མང་འཚོ་སྡོད་ཀྱི་ཁོར་ཡུག་ཞན་པོ་དང་འཚོ་བའི་ཆ་རྐྱེན་ལྟོས་ས་ལྟོས་འཇོག་གིས་སྐྱོ་པོ་དང་། རྩྭ་ཐང་ཉམ་ཆག་འགྲོ་བའི་རྐྱེན་ཡིན་ཚུལ་དང་། ཡང་ཁོ་པས་མུ་མཐུད་དུ་གནས་སྤོའི་ལས་གཞི་དེ་ནི་མིའི་བསམ་བློ་ཡར་རྒྱས་མཚོན་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་དང་མི་མང་གིས་འཚོ་བ་ལེགས་པོ་རོལ་བའི་མངོན་འདུན་ཡིན་ཚུལ་བརྗོད་འདུག
དེ་མིན་གསར་འགྱུར་ནང་རྒྱ་ནག་གཞུང་གིས་ལོ་བརྒྱད་རིང་ཧ་ལམ་བོད་ཀྱི་གྲོང་བརྡལ་བརྒྱ་ལྷག་གི་མི་གྲངས་ཆིག་འབུམ་སུམ་ཁྲི་གནས་སྤོ་བྱེད་འཆར་ཡོད་པ་བརྗོད་འདུག
དེ་མིན་ཡང་རྒྱ་ནག་གཞུང་འབྲེལ་རྒྱ་ནག་བོད་སྐད་རླུང་འཕྲིན་ཟེར་བའི་ནང་། ཐེངས་འདིར་གནས་སྤོ་བྱེད་མཁན་གཙོ་བོ་ནི་ནག་ཆུ་གྲོང་ཁྱེར་གྱི་མཚེའུ་གཉིས་རྫོང་དང་ཨ་མདོ་རྫོང་། ཉི་མ་རྫོང་བཅས་ཀྱི་ཡུལ་ཚོ་དང་གྲོང་བརྡལ་༡༢གྱི་གྲོང་ཚོ་༥༨ནས་ཡིན་ཞིང་། ཕྱི་ཟླ་༦པའི་ཚེས་༢༥ནས་ཕྱི་ཟླ་༨པའི་ཚེས་༡བར་ཁག་དབྱེ་ནས་གནས་སྤོ་བྱེད་བཞིན་པ་དང་། ཐེངས་འདིར་གནས་སྤོའི་མི་གྲངས་༡༧༥༥༥ཡིན་པ་བཀོད་འདུག

nakchu1.jpg
གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་ཁེ་ཕན་ཆེད་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བརླག་གཏོང་བཞིན་ཡོད་པ་དང་། བོད་མཐོ་སྒང་དུ་མི་རབས་ནས་མི་རབས་བར་འཚོ་གནས་ཀྱི་འབྲོག་པ་མང་ཚོགས་ལ་དོན་དངོས་ཐོག་ཁོང་ཚོ་གནས་སྤོ་བྱེད་འདོད་ཡོད་མེད་ཀྱི་སྐད་ཆ་ཙམ་ཡང་འདྲི་གི་མེད་པར་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པ་གྲོང་བརྡལ་ཅན་དུ་བསྒྱུར་ནས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་གཏོར་བརླག་དང་། བོད་པའི་བུད་མེད་ཀྱི་སྐྱེ་སྒོ་འགོག་པ། རྒྱ་མི་འབོར་ཆེན་བོད་ནང་གཞིས་སྤོ་སོགས་བོད་ཀྱི་རིག་གཞུང་དང་འཚོ་གནས་ལ་ཉེན་ཁ་འཕྲད་བཞིན་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་མ་དངུལ་བཏང་ནས་གཞི་རྩའི་འཛུགས་སྐྲུན་བྱེད་པ་དེ་དག་ས་གནས་བོད་མི་རང་གིས་ལོངས་སྤྱོད་བྱེད་ཐུབ་ཀྱི་མེད་པ་དང་། བོད་ཀྱི་རྒྱལ་ས་ལྷ་སར་མཚོན་ནའང་རྒྱ་མི་འབོར་ཆེན་གཞིས་སྤོ་བྱས་ཏེ་མི་གྲངས་ཐད་འགྱུར་བ་ཐེབས་ནས་བོད་ཀྱིས་ས་ཁུལ་ནས་བོད་མི་རྣམས་གྲངས་ཉུང་དུ་འགྲོ་བཞིན་པ་བརྗོད་འདུག

གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎