༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷིའི་འཁྲུངས་སྐར་ལ་འཚམས་འདྲི་གནང་པ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་བཞིན་པ་དེར་དགའ་བསུ་གནང་པ།

༧གོང་ས་མཆོག་གིས་རྒྱ་གར་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་བཞིན་པ་དེར་དགའ་བསུ་གནང་པ།སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༩ ཚེས་ ༡༧ ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷིའི་འཁྲུངས་སྐར་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་འདུག་ཅིང་། རྒྱ་གར་འདི་ཉིད་སྟོབས་ཆེན་རྒྱལ་ཁབ་ཅིག་གི་ངོ་བོར་འགྱུར་བཞིན་པར་དགའ་བསུ་གནང་འདུག

དེ་ཡང་གསུང་འཕྲིན་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་དེ་བཞིན་གདེང་ཚོད་ལྡན་ཞིང་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་བཞིན་པ་དེར་སྲིད་བློན་མོ་དྷི་ལ་འཚམས་འདྲི་མཛད་ཅིང་། རྒྱ་གར་ལ་ལམ་ལྷོང་བྱུང་བ་དེས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་། ཡར་རྒྱས་བཅས་ལ་ཡང་ཕན་ཐོགས་རླབས་ཆེན་སྒྲུབ་ཀྱི་ཡོད་པ་བཀའ་བསྩལ་མཛད་འདུག་ལ། རྒྱ་གར་གྱི་གནའ་བོའི་རིག་གཞུང་ལས་བྱུང་བའི་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ། ཞི་བདེ་དང་མཐུན་སྒྲིལ་གྱི་ཁྱད་ཆོས་སྤེལ་ཏེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧གང་ཉིད་ནི་རྒྱ་གར་གྱི་སྤོབས་པ་ལྡན་པའི་ཕོ་ཉ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་ཅེས་བཀའ་གནང་པ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གཞུང་མང་གཉིས་ཀྱིས་སྐུ་ཉིད་དང་བོད་མི་རྣམས་ལ་ལོ་ངོ་ ༦༧ ལྷག་གི་རིང་སྣེ་ལེན་དང་རོགས་རམ་གང་ལེགས་གནང་བར་སླར་ཡང་བཀྲིན་ཆེ་ཞུ་འདོད་བྱུང་ཞེས་གསུངས་འདུག

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཕྱི་རྒྱལ་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པར་མང་མཇལ་བསྩལ་གནང་མཛད་ཡོད་པ་བཞིན། བོད་ཀྱི་ཐེབས་རྩའི་འགན་འཛིན་ཟུར་པ་རིན་ཆེན་དར་ལོ་ལགས་གཙོས་པའི་སྦྱིན་བདག་ཁག་ཅིག་གིས་མཇལ་ཁར་བཅར་ཏེ། འདི་ག་རླུང་འཕྲིན་ཁང་ལ། བོད་ཀྱི་ཐེབས་རྩ་ཁང་གིས་དེ་སྔ་བོད་ནང་དུའང་རྒྱ་ནག་གཞུང་གི་སྲིད་བྱུས་ཅུང་གུ་ཡང་ཡོད་པའི་སྐབས་མངོན་གསལ་དོད་པོ་མེད་པའི་ཐོག་ནས། སྨན་བཅོས་རོགས་སྐྱོར་དང་། གོད་ཆག་སྐབས་ངལ་སེལ་རོགས་སྐྱོར། དྭ་ཕྲུག་ཁང་གསར་འཛུགས། དབྱིན་ཇིའི་སྐད་ཡིག་གི་འཛིན་གྲྭ་སོགས་ཀྱི་ལས་གཞི་མང་དག་བརྩམས་ཡོད་པ་གསུང་གི་འདུག

བོད་ཀྱི་ཐེབས་རྩའི་འགན་འཛིན་ཟུར་པ་རིན་ཆེན་དར་ལོ་ལགས་ཀྱིས་མུ་མཐུད་གསུངས་པ་ལྟར་ན། ཐེབས་རྩ་དེས་བོད་ནང་དུ་འབྲེལ་བ་བྱུང་བ་དེ་ཡང་ཐོག་མ། ༧ཀུན་གཟིགས་པཎ་ཆེན་སྐུ་གོང་མ་དང་ང་ཕོད་གཉིས་ཀྱིས་གསར་བཙུགས་གནང་བའི་ཚོགས་པ་ཞིག་བརྒྱུད་བོད་ནང་འབྲེལ་བ་གནང་གི་ཡོད་ཅིང་། སྐབས་དེར་ཚོགས་པ་དེའི་ནང་ལས་ཀ་བྱེད་མཁན་ཁག་ཅིག་རྒྱ་ནག་གི་ཆབ་སྲིད་ཚོགས་པའི་མི་སྣ་ཡིན་དུས། བཀའ་འཁྲོལ་ཡོད་པའི་ཐོག་ནས་ལས་བྱེད་དེ་དག་ནིའུ་ཡོག་ཏུ་ཡོང་བ་དང་། ཐེབས་རྩའི་ལས་བྱེད་ཁག་ཅིག་བོད་ནང་ཐེངས་ཁ་ཤས་བསྐྱོད་མྱོང་ཡོད་པ་གསུང་གི་འདུག་ལ། གཞན་སྨན་བཅོས་ཀྱི་རོགས་སྐྱོར་དེ་ཡང་དེ་སྔ་བོད་ནང་གི་མི་འབོར་ཧ་ཅང་མང་པོར་མིག་སྐྱ་གྲིབ་ཕོག་པ་མང་དག་ཅིག་ཡོད་པས། དེ་ནི་ཕལ་ཆེར་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་མཐོང་ཆུང་དང་དོ་སྣང་མི་བྱེད་པའི་རྐྱེན་གྱིས་རེད་ཅེས་གསུང་གི་འདུག སྐབས་དེར་བོད་ཀྱི་ཐེབས་རྩའི་ངོས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཨེམ་རྗེ་སོགས་བོད་ནང་མིག་བཤག་བཅོས་ཀྱི་རུ་ཁག་ཐེངས་མང་བཏང་མྱོང་ཡོད་ཅིང་། ལྷ་སར་མིག་གི་སྨན་ཁང་ཞིག་ཀྱང་འཛུགས་སྐྲུན་གནང་ཡོད་པ་གསུང་གི་འདུག

དེ་བཞིན་ཡང་དར་རྩེ་མདོ་དང་ཟི་ལིང་སོགས་བོད་ཀྱི་ས་ཁུལ་མང་དག་ཅིག་ཏུ་འབྲེལ་བ་བྱས་ཏེ་ཕྱི་རྒྱལ་སློབ་ཡོན་གྱི་ལས་གཞི་གསར་འཛུགས་བྱས་པ་དེས། བོད་ནང་གི་བོད་ཕྲུག་ཕོན་ཆེར་དབྱིན་ཡིག་ཡར་རྒྱས་དང་མདུན་ལམ་སྲ་བརྟན་སོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ཀྱང་། རྗེས་སུ་རྒྱ་ནག་གཞུང་གིས་ལས་གཞི་དེ་བཞིན་བོད་ཀྱི་ཐེབས་རྩ་དང་འབྲེལ་བ་ཡོད་པ་ཤེས་པ་སོགས་ཀྱི་རྐྱེན་པས། ལས་གཞི་དེ་དག་རིམ་བཞིན་མཇུག་སྒྲིལ་དགོས་བྱུང་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

རྩ་བའི་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་དང་མཉམ་ལས་ཀྱི་གན་རྒྱའི་ཐོག་ནས་བོད་ཀྱི་ཐེབས་རྩ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཟུང་འབྲེལ་གྱིས། བོད་མི་ཨ་རིར་སློབ་སྦྱོང་དུ་བསྐྱོད་པའི་ལས་གཞི་TSPཞེས་པ་ཕྱི་ལོ་ ༡༩༨༨ ནས་འགོ་འཛུགས་ཀྱིས། སློབ་ཡོན་ལས་གཞི་དེ་ནས་ཕྱིར་རྒྱ་གར་དུ་ལོག་ཕེབས་པའི་སློབ་མ་དེ་དག་ད་ལྟའི་ཆར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་དུ་དགེ་རྒན་དང་དབུ་འཛིན། བོད་མིའི་སྒྲིག་འཛུགས་ཀྱི་ནང་དུའང་དེ་སྔ་བཀའ་བློན་དང་དྲུང་ཆེ་གནང་མྱོང་བ་མང་དག་ཅིག་བྱུང་ཡོད་པ་དར་ལོ་ལགས་ཀྱིས་གསུང་གི་འདུག

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།