རྒྱ་ནག་གཞུང་གིས་ཕྱིར་སྐྱོད་ནང་འཛུལ་གྱི་དོ་དམ་བྱེད་ཕྱོགས་སྐོར་གྱི་གཏན་འབེབས་གསར་པ་ཞིག་ཟླ་ ༩ ཚེས་ ༡༥ ཉིན་ནས་དངོས་སུ་ལག་བསྟར་བྱས་ཡོད་ཅིང་། གཞུང་ཕྱོགས་ཀྱིས་དེ་ནི་ཕྱིར་སྐྱོད་དང་ནང་འཛུལ་གྱི་ཐོབ་ཐང་འགན་སྲུང་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་སྲུང་རྒྱུའི་དམིགས་ཡུལ་ཡིན་པར་བརྗོད་ཡོད། འོན་ཀྱང་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་ཞིབ་ཚོགས་པས། འབྲེལ་ཡོད་ལས་ཁུངས་ལ་མི་སྒེར་གྱི་ཕྱིར་སྐྱོད་ཐོབ་ཐང་ལ་བཀག་འགོག་བྱེད་པའི་དབང་ཆ་ཆེ་རུ་བཏང་ཡོད་པས་དོ་སྣང་བྱ་དགོས་པ་བརྗོད་ཡོད་ཅིང་། བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ཁྲོད་འགྲོ་སྐྱོད་རང་དབང་ལ་དེ་བས་དམ་དྲག་དང་ཞིབ་བཤེར་ནན་པོ་བྱེད་སྲིད་པ་ཡང་བརྗོད་འདུག
འགྲོ་བ་མིའི་ཐོབ་ཐང་གི་ལྟ་ཞིབ་ཚོགས་པས་ཟླ་ ༩ ཚེས་ ༡༦ ཉིན་སྤེལ་བའི་གསལ་བསྒྲགས་ནང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་དང་གྲངས་ཉུང་མི་རིགས་ཕྱི་རྒྱལ་ལ་འགྲོ་སྐྱོད་ཐད་ཚད་བཀག་དང་ཞིབ་བཤེར་དམ་དུ་འགྲོ་བཞིན་ཡོད་པ་བཀོད་འདུག
བོད་མིའི་འགྲོ་སྐྱོད་ཀྱི་དཀའ་ངལ།
བོད་ནང་གི་བོད་མིར་མཚོན་ན། ཕྱིར་སྐྱོད་ལམ་ཡིག་ཞུ་རྒྱུར་རིམ་པ་ཧ་ཅང་མང་པོའི་ཆོག་མཆན་ཞུ་དགོས་པ་སོགས་ཀྱི་དཀའ་ངལ་ཆེན་པོ་ཡོད་པ་དང་། ཡང་བཙན་བྱོལ་ནང་གི་བོད་མི་གང་ཞིག་བོད་ནང་སྐྱོད་པར་ཡང་གཞན་དང་མི་འདྲ་བའི་གོ་རིམ་མང་པོ་བརྒྱུད་དེ་ཐོངས་མཆན་ཐོབ་དཀའ་བའི་གནས་ཚུལ་དེ་སྔ་ནས་མང་པོ་ཐོན་མྱོང་ཡོད་ལ། བོད་ནང་གི་བོད་མིར་ཕྱིར་སྐྱོད་ལམ་ཡིག་ཐོབ་མཁན་དང་བཙན་བྱོལ་ནང་གི་བོད་མིར་ཐོངས་མཆན་ཐོབ་པ་གཉིས་ཧ་ཅང་ཉུང་ཉུང་ཆགས་ཡོད། རང་དབང་ཁང་པས་ ༢༠༢༥ ལོའི་གནས་སྟངས་ལ་དཔྱད་ཞིབ་ཀྱིས་བཏོན་པའི་ ༢༠༢༦ ལོའི་སྙན་ཐོའི་ནང་ལ་ཡང་བོད་མིར་ཕྱི་རྒྱལ་དུ་སྐྱོད་རྒྱུའི་ལམ་ཡིག་ཞུ་རྒྱུར་དཀའ་ངལ་ཡོད་པའི་ཐོག་ཕྱི་རྒྱལ་གྱི་རྒྱལ་ཁོངས་སུ་མི་སེར་གྱི་གནས་བབ་ལྡན་པའི་བོད་མི་ཚོས་བོད་དུ་ཕྱིར་ལོག་པའི་ཐོངས་མཆན་ཆེད་ལོ་མང་སྒུག་རྗེས་ཐོངས་མཆན་གྱི་སྙན་ཞུར་ངོས་ལེན་མ་བྱས་པའི་གནས་ཚུལ་བཀོད་ཡོད།
ཡང་ཐོངས་མཆན་རག་ཀྱང་རྒྱ་ནག་གི་འགག་སྒོ་ནས་མ་བཏང་བའི་གནས་ཚུལ་ཐེངས་མང་བྱུང་ཡོད་ལ། ན་ནིང་ལོར་བོད་མི་ཁ་ཤས་ཤིག་རྒྱ་ནག་གི་གནམ་ཐང་ལ་འབྱོར་རྗེས་འགག་སྒོ་ནས་བཀག་སྟེ་སྤུན་མཆེད་ཐུག་འཕྲད་མ་བྱུང་བའི་གནས་ཚུལ་བྱུང་ཡོད། ༢༠༡༨ ལོའི་གནས་ཚུལ་ཞིག་གི་ནང་ལྷོ་ཀོ་རི་ཡའི་མི་སེར་ཡིན་པའི་བོད་མི་གཉིས་དང་ཨ་རིའི་མི་སེར་ཡིན་པའི་བོད་མི་གཅིག་བྲན་རྡུའི་གནམ་ཐང་ནས་ཆུ་ཚོད་བརྒྱད་ཙམ་བཀག་ཉར་དང་འདྲི་རྩད་བྱས་པ་མ་ཟད། དྲ་ཐོག་གི་ཁ་བརྡ་དང་ཟིན་བྲིས་ཁག་ལ་ཞིབ་བཤེར། ཁ་པར་གྱི་འབྲེལ་གཏུག་ཐོ་གཞུང་འདྲ་བཤུས་བཅས་བྱས་རྗེས་ཐོངས་མཆན་ཡོད་ཀྱང་འཛུལ་མ་བཅུག་པ་མ་ཟད་རྒྱུ་མཚན་ཙམ་ཡང་མ་བཤད་པར་ཕྱིར་བསློགས་བྱས་པ་བྱུང་ཡོད་འདུག
བོད་ནང་གི་ཕྱིར་སྐྱོད་ལམ་ཡིག་ཚད་བཀག་སྐོར་ལའང་ལོ་མང་སྔོན་ནས་སྙན་ཐོ་ཐོན་ཡོད་པ་སྟེ། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ ༢༠༡༥ ལོར་བཏོན་པའི་《ལམ་ཡིག་གཅིག་དང་ལམ་ལུགས་གཉིས》ཞེས་པའི་སྙན་ཐོར། རྒྱ་ནག་གི་ས་ཁུལ་མང་པོར་ཕྱིར་སྐྱོད་ལམ་ཡིག་ཞུ་སྟངས་སྟབས་བདེ་རུ་བཏང་ཡང་། བོད་པ་ཚུད་པའི་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་ཁག་ཏུ་ཞིབ་བཤེར་རིམ་པ་མང་བ་དང་། ལོ་མང་ལམ་ཡིག་མི་ཐོབ་པའི་གནས་ཚུལ་སོགས་བཀོད་ཡོད།
༢༠༡༢ ལོར་རྒྱ་གར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་བཅར་ནས་ཕྱིར་ལོག་པའི་བོད་མི་མང་པོ་བཀག་ཉར་དང་ཆབ་སྲིད་སློབ་གསོར་བཏང་ཡོད་ལ། ལོ་དེ་རང་གི་ནང་བོད་རང་སྐྱོང་ལྗོངས་ཀྱིས་ཕྱིར་སྐྱོད་ལམ་ཡིག་སྤྲོད་ཚར་བ་ཚང་མ་ཕྱིར་བསྡུ་བྱས་པ་དང་། ལམ་ཡིག་གསར་པ་ཞུ་བར་ལས་ཁུངས་བཅུའི་ཆོག་མཆན་ཐོབ་དགོས་པའི་ལམ་ལུགས་བཟོས་ཡོད། ད་ཆ་བལ་ཡུལ་དང་དེ་མིན་རྒྱལ་ཁབ་ཁ་ཤས་ཤིག་ཏུ་ཡུལ་སྐོར་ལས་ཁུངས་ཀྱིས་ཕྱི་སྐྱོད་ལམ་ཡིག་གཅིག་གྱུར་གྱིས་བཟོས་ཏེ་ཡུལ་སྐོར་ཚར་བའི་མཚམས་སུ་ལམ་ཡིག་ཚང་མ་གཞུང་གིས་ཉར་ནས་མི་སྒེར་གྱི་ལག་པར་སྤྲོད་ཀྱི་མེད་པ་བོད་ནས་རང་གི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་བོད་མིས་བརྗོད་བྱུང་།
ད་རེས་ལག་བསྟར་བྱས་པའི་《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱིར་སྐྱོད་ནང་འཛུལ་དོ་དམ་སྐོར་གྱི་གཏན་འབེབས》འདིར་ཁྱོན་དོན་ཚན་ ༡༩ ཡོད་པ་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མིར་སྔ་ས་ནས་རྒྱ་ནག་གི་འགག་སྒོ་ཁག་ནས་དམིགས་བསལ་དམ་དྲག་བྱེད་ཀྱི་ཡོད་པས། ཁྲིམས་འདི་བོད་མིའི་ཁྲོད་ལམ་ལུགས་གསར་པ་ཞིག་མིན་པ་བོད་མི་ཞིག་གིས་བརྗོད་བྱུང་།
གཏན་འབེབས་གསར་པའི་ཤུགས་རྐྱེན་ཐེབས་སྲིད་པ།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གི་གཏན་འབེབས་ནང་གི་རྒྱལ་ཁབ་བདེ་འཇགས་དང་ཉེན་ཁ་སོགས་ཀྱི་གོ་དོན་དང་ལག་བསྟར་གྱི་ཁྱབ་ཁོངས་ཚད་འཛིན་ས་ཁ་གསལ་མེད་པས། གཞུང་གིས་རང་འདོད་ལྟར་མི་སྒེར་གྱི་ཕྱིར་སྐྱོད་འགྲོ་འོང་ལ་བཀག་འགོག་བྱེད་པའི་ཉེན་ཁ་ཡོད་པར་བརྗོད་འདུག
རྒྱ་ནག་གཞུང་གིས་གཏན་འབེབས་དེ་རྒྱལ་མཚམས་བརྒལ་བའི་རྒྱན་འཛུགས་རིགས་དང་དྲ་ཐོག་མགོ་སྐོར་བཏང་བ། ལག་རྩལ་ཁྲིམས་འགལ་གྱིས་ཕྱིར་གཏོང་སོགས་འགོག་ཆེད་ཡིན་པ་ལས། ཡུལ་སྐོར་དང་གཉེན་འཕྲད། སློབ་གཉེར་བཅས་ལ་ཤུགས་རྐྱེན་མེད་ཚུལ་བརྗོད་ཡོད།
ཐོངས་མཆན་ཡོད་ཀྱང་འགག་སྒོ་ནས་ནང་འཛུལ་མ་བཅུག་པ་ནི་སྲོལ་ཡིག་གསར་པ་འདི་ནས་འགོ་ཚུགས་པ་མིན། ༢༠༡༣ ལོ་ནས་ལག་བསྟར་བྱས་པའི་《ཕྱིར་སྐྱོད་ནང་འཛུལ་དོ་དམ་གྱི་ཁྲིམས་》ཀྱི་དོན་ཚན་ ༢༤ དང་ ༢༥ ནང་། ཕྱི་རྒྱལ་གྱི་མི་སེར་འགག་སྒོའི་ཞིབ་བཤེར་བརྒྱུད་ནས་ཆོག་མཆན་ཐོབ་རྗེས་མ་གཏོགས་རྒྱ་ནག་ཏུ་འཛུལ་མི་ཆོག་པ་དང་། འཛུལ་མ་བཅུག་པའི་བཀག་འགོག་བྱེད་པའི་གནས་སྐབས་སུའང་་རྒྱུ་མཚན་མ་བཤད་ན་ཡང་ཆོག་པ་གསལ་འདུག
ད་རེས་ཀྱི་གཏན་འབེབས་འདིས་རྒྱ་ནག་གི་འགག་སྒོ་བརྒྱུད་ཕར་འགྲོ་ཚུར་འོང་བྱ་མཁན་ཚོར་ཤུགས་རྐྱེན་ཇི་ཙམ་ཡོང་མིན་དང་། ལྷག་པར་དུ་བོད་མི་ཚུད་པའི་དེ་མིན་གྲངས་ཉུང་མི་རིགས་དང་། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་སོགས་ཀྱི་མི་སྣར་རྒྱ་ནག་གི་འགག་སྒོ་ནས་དམ་དྲག་ཇི་ཙམ་ཡོང་མིན་ཐད་ཚང་མས་ཡིད་གཟབ་དང་དོ་སྣང་བྱེད་གཞིར་གྱུར་ཡོད་པ་རེད།།
