རྒྱ་ནག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་ ༡༤ ཆེན་པ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་ལ་སྟངས་འཛིན་བྱེད་རྒྱུའི་གྲ་སྒྲིག་ཇི་ལྟར་བྱེད་བཞིན་ཡོད་དམ།
རྒྱ་ནག་གི་གསང་བའི་བཙོན་ཁང་ཞེས་པའི་དཔེ་དེབ་གསར་པའི་རྩོམ་པ་པོ་རྒྱ་ནག་གི་གནད་དོན་ཉམས་ཞིབ་པ་ཨོར་ཝིལ་ཤེལ་ (Orville Schell) ལགས་ཀྱིས། རྒྱ་ནག་གཞུང་གིས་སྔོན་ཆད་ནས་འདི་ལྟར་བྱས་མྱོང་ཡོད་པ་བཞིན་སླར་ཡང་བྱུང་རྒྱུ་ཡིན་པ་གསུངས་སོང་།
ལོ་རབས་དགུ་བཅུའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གིས་གར་སོང་ཆ་མེད་དུ་བཙན་ཁྲིད་བྱས་ཡོད་པས་འདི་ནི་ལོ་རྒྱུས་གསར་པ་ཞིག་ཆགས་མེད་ལ། དེའི་ཚབ་ཏུ་རྒྱ་ནག་གཞུང་གིས་བདམས་པའི་རྒྱལ་མཚན་ནོར་བུ་པཎ་ཆེན་དུ་བསྐོ་གཞག་བྱས་ཡོད།
ཨོར་ཝིལ་ཤེལ་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧གང་ཉིད་ཀྱི་ཡང་སྲིད་ཅིག་བོད་ཀྱི་ཕྱི་ཕྱོགས་ནས་འདེམས་སྒྲུག་གནང་སྲིད་པ་དང་དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གསེར་ཞལ་འཚོ་བཞུགས་སྐབས་སུ་ངོས་འཛིན་གནང་སྲིད་པ་དང་། དེ་འདྲ་སོང་ཙང་ངས་བསམ་ཚུལ་ལ་༧ཀུན་གཟིཊ་པཎ་ཆེན་རིན་པོ་ཆེའི་གནད་དོན་འདི་མཇུག་བསྒྲིལ་བའི་མཚམས་ཤིག་ཏུ་སླེབས་ཡོད་པ་ལྟར་དྲན་གྱི་འདུག་ལ། རྒྱ་ནག་དམར་ཤོག་ཚོགས་པས་༧གོང་ས་ཏཱ་ལའི་བླ་མའི་༧སྐུའི་ཡང་སྲིད་དེ་ཡང་གང་མགྱོགས་མཇུག་བསྡོམས་བྱ་རྒྱུར་བལྟས་ནས་བསྡད་ཡོད་རེད་ཅེས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་བསལ་བཅའ་འདྲིའི་ལས་རིམ་ཐོག་གསུངས་བྱུང་།རྒྱ་ནག་གཞུང་ལ་༧སྐུའི་ཡང་སྲིད་ཀྱི་གནད་དོན་དེ་གལ་ཆེན་པོ་ཇི་ལྟར་ཆགས་ཡོད་དམ་ཞེས་དྲིས་ན། འདི་ནི་ཆོས་ལུགས་ཀྱི་གནད་དོན་གཅིག་པུ་མིན་པར། ཆོས་སྲིད་ཀྱི་དབང་ཆར་ཐུགས་ཏེ་རྒྱ་ནག་གཞུང་ལ་ཞེད་སྣང་ཞིག་སླེབས་ཀྱི་ཡོད་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།
བོད་དང་ཤིན་ཅང་ཐོག་དྲག་གནོན།
ཤེལ་ (Schell) ལགས་ཀྱིས་འདས་པའི་ལོ་མང་རིང་གཙོ་བོ་ཤིན་ཅང་དང་ཡུ་གུར་མི་རིགས་ཀྱི་སྐོར་ཞིབ་འཇུག་གནང་ཡོད་ཅིང་། དེ་ཡང་ཁུལ་དེར་སྐད་ཡིག་ལ་དམ་དྲག་དང་། ཆོས་ཕྱོགས་ཀྱི་བསྟི་གནས་རྩ་མེད་གཏོང་པའི་སྲིད་ཇུས་དེ་དག་ལོ་བཅུ་ཕྲག་འགའ་ཤས་སྔོན་ལ་བོད་ནང་དུ་ཚོད་ལྟ་བྱས་ཟིན་པ་ཞིག་ཡིན་པ་གསུངས་སོང་། འོན་ཀྱང་འདི་ནི་ཤེལ་ལགས་ཀྱི་བསམ་ཚུལ་ཁོ་ན་མ་ཡིན་པར་དངོས་ཡོད་གནས་ཚུལ་ཞིག་ཀྱང་ཆགས་ཡོད། དཔེ་ན་ ཕྱི་ལོ་ ༢༠༡༡ ནས་ ༢༠༡༦ བར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་འགན་འཁུར་མཁན་ཁྲན་ཆུན་གྷོ་ (Chen Quanguo) ཕྱི་ལོ་ ༢༠༡༦ ལོར་ཤིན་ཅང་དུ་གནས་སྤོས་བཏང་ཡོད། ཁྲན་ཆུན་གྷོ་ནི་བོད་དང་ཤིན་ཅང་ནང་དམར་ཤོག་གི་དྲུང་ཆེའི་འགན་འཁུར་མྱོང་མཁན་གཅིག་པུ་དེ་ཡང་ཡིན་པ་རེད། ཁྲན་ནི་བོད་མི་དང་ཡུ་གུར་མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་བཅས་པ་རྩ་གཏོར་གཏོང་མཁན་དང་། འཆར་གཞི་ལྡན་པའི་སྒོ་ནས་གཞུང་གིས་མང་ཚོགས་ལ་སོ་ལྟ་བྱས་པ་དང། མནར་གཅོད་གཏོང་བ། དེ་བཞིན་མི་མང་ས་ཡ་མང་པོ་ངལ་རྩོལ་བསྒྱུར་བཀོད་སོགས་ཆེས་གདུག་རྩུབ་ཅན་གྱི་ལས་དོན་བརྩམས་མཁན་གྱི་མགོ་དཔོན་ཞིག་ཡིན་པ་རེད། དེར་བརྟེན་ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་གཞུང་གིས་ཁྲན་ཆུའན་གྷོ་ལ་ཤིན་ཅང་དང་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་མཁན་ལ་ངོས་འཛིན་གྱིས་ཉེས་ཆད་བཀལ་ཡོད།
བོད་ཕྱི་ནང་གི་འབྲེལ་ལམ།
སྤྱིར་བོད་ནང་དུ་ཕྱི་ལོ་ ༡༩༨༠ བཅུ་ཕྲག་གི་མགོ་སྟོད་དུ་རྒྱ་ནག་གཞུང་གིས་བོད་ནང་གུ་ཡང་ཅུང་ཟད་བཏང་པའི་དུས་ཚོད་ཐུང་ཐུང་ཞིག་བྱུང་ཡོད། སྐབས་དེར་དགོན་སྡེ་ཁག་སླར་གསོ་སྒོ་དབྱེ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་འཁོར་ཁག་ཅིག་མདོ་སྨད་སྐུ་འབུམ་དགོན་པའི་ཉེ་འགྲམ་དུ་ཡབ་གཞིས་ཁྱིམ་བརྒྱུད་དུ་ཕེབས་ཆོག་པའི་ཆོག་མཆན་སྤྲད་པའི་སྐབས་བོད་མི་སྟོང་ཕྲག་མང་པོས་ཕེབས་བསུ་ཞུ་བར་བཅར་པ་ཡང་བྱུང་ཡོད།
འོན་ཀྱང་ཕྱིས་སུ་ཧུའུ་ཡའོ་པང་ལས་གནས་ནས་ཕྱིར་འབུད་བཏང་པ་དང་། ༡༩༨༩ ལོར་ཁོང་འདས་གྲོངས་སུ་ཕྱིན་མ་ཐག་པའི་རྗེས་དཔྱིད་ཀའི་དུས་དེར་ལྷ་ས་ཚུད་པའི་ས་ཁུལ་གཞན་མང་པོར་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་སྟབས། བོད་ནང་གུ་ཡང་གི་དུས་ཡུན་དེ་ཐུང་ཐུང་ལས་གནས་ཐུབ་ཡོད་མ་རེད་ཅེས་ཤེལ་ལགས་ཀྱིས་བརྗོད་བྱུང་།
ཕྱི་ལོ་ ༡༩༧༩ ལོར་ཏིང་ཞའོ་ཕིང་གིས་རང་བཙན་མ་རྩོད་ན་གྲོས་མོལ་བྱེད་ཆོག་གི་རེད་ཅེས་བརྡ་ལན་སྤྲད་པའི་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དངོས་ཐོག་བདེན་འཚོལ་གྱི་སྐུ་ཚབ་གཟིགས་སྐོར་ཚོགས་པ་བོད་དུ་བསྐྱོད་བཅུག་སྟེ། ༡༩༧༩ ནས་ ༡༩༨༥ བར་བཙན་བྱོལ་ནང་ནས་༧གོང་ས་མཆོག་གི་སྐུ་ཚབ་ཚོགས་ཆུང་ཐེངས་ ༤ གཏོང་གནང་མཛད་ཡོད་ལ། སྐབས་དེར་བོད་དོན་ཐད་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་མོལ་བརྒྱུད་ཕྱོགས་གཉིས་ཀྱི་དབར་ལ་འབྲེལ་ལམ་ལ་འགྱུར་བ་ཕྲན་བུ་བྱུང་ཡོད་པ་རེད།
ཤེལ་ལགས་ཀྱིས་དེ་ལྟར་བོད་དང་རྒྱ་ནག་ནང་བསྐྱོད་རྒྱུའི་གོ་སྐབས་ཕུལ་རྗེས། འདི་ནི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ངོམས་པའི་རྒྱ་ནག་གཞུང་ལ་ཕྱི་འབྲེལ་སྲིད་བྱུས་ཀྱི་ལག་ཆ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེ་མཚུངས་གསར་འགོད་པ་དང་ཤེས་ཡོན་པ། ཚོང་པ་སོགས་ཀྱིས་རྒྱ་ནག་གཞུང་ལ་མི་འདོད་པའི་སྐད་ཆ་བཤད་ན་རྒྱ་ནག་ནང་བསྐྱོད་རྒྱུར་བཀག་འདོམས་བྱས་ཤིང་། དེ་དག་གི་ནང་མིར་ཡང་འཇིགས་སྐུལ་བྱས་པ་སོགས་ཤེས་ལགས་ཀྱིས་དམ་དྲག་དང་འགོག་གནོན་གྱི་དཔེ་མཚོན་དུ་ལུང་འདྲེན་གནང་གི་འདུག
བོད་དང་རྒྱ་ནག་ནང་སྨྲ་བརྗོད་རང་དབང་ལ་དམ་དྲག
ཁོང་གིས་ད་དུང་རྒྱ་ནག་ནང་མི་མང་པོར་འགོག་གནོན་འདི་ལྟར་མྱོང་ཚོར་བྱུང་བཞིན་ཡོད་པ་དང་ཁོང་ཚོ་ཕྱི་རྒྱལ་དུ་སོང་ནས་རྒྱ་རིགས་ཚོས་སྐད་ཆ་གང་བྱུང་བཤད་ན་རྒྱ་ནག་ནང་ཡོད་པའི་ཁོང་ཚོའི་ནང་མིར་ཉེན་ཚབས་བཟོས་ཀྱི་ཡོད་པ་སོགས་དཔེ་ན་ཁོང་ཚོ་ཇ་འཐུང་སར་སྐད་བཏང་སྟེ་འཇིགས་སྐུལ་བྱེད་པ། ཡང་ན་སྐབས་རེ་བཙོན་ཁང་ནང་ལ་ཡང་བཅུག་པ་དེ་འདྲ་ཡང་བྱུང་ཡོད་པ་ཤེལ་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་ནང་དུ་དམ་དྲག་གི་རྐྱེན་པས་གསར་འགོད་པ་ཚོ་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅིང་། ཉེ་ཆར་བོད་དང་བལ་ཡུལ་ས་མཚམས་སུ་བྱུང་བའི་ཆུ་ལོག་སྐོར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་སྙན་ཐོ་བཏོན་པའི་ནང་། བོད་ནང་དུ་སྤུན་ཉེ་ཡོད་པའི་བཙན་བྱོལ་བོད་མི་དང་བོད་པའི་གསར་འགོད་པ་ཚོར་བོད་ནང་སོ་སོའི་སྤུན་ཉེ་ཚོར་འཇིགས་སྣང་དང་ཉེན་ཁར་བརྩིས་ཏེ་གནས་ཚུལ་འགྲེལ་བརྗོད་བྱེད་པར་འཇིཊ་སྣང་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད།
རྒྱ་ནག་ནང་ད་ལྟ་ཨ་རིའི་གསར་འགོད་པ་ཧ་ཅང་ཉུང་ཉུང་རེད། ཧ་ལམ་མེད་པ་ལྟ་བུ་ཆགས་ཡོད་པས་དེའི་རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གསར་འགོད་ལས་གཉེར་གྱི་ཐོངས་ཆེན་སྤྲོད་ཀྱི་མེད་པ་དང་། དངོས་ཡོད་གནས་ཚུལ་འཛམ་བུ་གླིང་ལ་དགོས་མཁོ་ཡོད་ལྟར་ཕྱི་ལ་རང་དབང་གི་སྒོ་ནས་སྤྲོད་ཐུབ་མཁན་ཚོར་དྭོགས་ཟོན་གྱིས་བཀག་སྡོམ་བྱེད་ཀྱི་ཡོད་པ་ཤེལ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ཞི་ཅིན་ཕིང་གི་དམར་ཤོག་གི་ལྟ་གྲུབ།
རྒྱ་ནག་ནང་གི་གནས་ཚུལ་ལ་ཉམས་ཞིབ་དང་བརྒྱུད་སྤེལ་གྱི་ཉམས་མྱོང་གཏིང་ཟབ་ཡོད་མཁན་ཤེལ་ (Schell) ལ་བོད་དང་ཤིན་ཅང་ནང་གི་གནས་ཚུལ་གཉིས་ལ་འབྲེལ་བ་ཆེན་པོ་ཡོད་པ་ཉམས་ཞིབ་ཀྱི་བརྒྱུད་རིམ་དེའི་ཁྲོད་ཤེས་རྟོགས་བྱུང་འདུག དཔེ་ན་ཞི་ཅིན་ཕིང་གི་པ་ལགས་དེ་“གསར་བརྗེ་ལ་འགོག་རྒོལ་བྱེད་མཁན་”ཞིག་ཡིན་པ་བརྗོད་ནས་དམར་ཤོག་ཚོགས་པའི་གོ་གནས་ནས་ཕྱིར་འཕུད་བཏང་བ་དང་ཞི་ཅིན་ཕིང་ལོ་ན་གཞོན་དུས་སྐབས་གྲོང་གསེབ་ལ་བཏང་པ་ནི་སྐབས་ཕྲལ་གྱི་མཇུག་འབྲས་ཤིག་ཆགས་ཡོད། ཁོང་གི་མི་ཚེའི་ཉམས་མྱོང་དེ་དག་ལས་ཆབ་སྲིད་དང་དམར་ཤོག་ཚོགས་པར་ཞེན་ཁོག་བྱ་རྒྱུ་འདི་གལ་ཆེ་ཤོས་ཡིན་པ་བསླབ་བྱ་ཐོབ་ཡོད་པ་རྩོམ་པ་པོ་ཤེལ་ལགས་ཀྱིས་ཡིད་ཆེས་གནང་གི་འདུག
དེར་བརྟེན་ད་ཆ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཐག་གཅོད་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་དགོས་མཁོ་དང་དངོས་ཡོད་ཀྱི་བདག་དབང་སྟེ་དམར་ཤོག་ཚོགས་པ་སྲ་བརྟན་གནས་མིན་ལ་ཐུགས་ཀྱི་ཡོད་པ་རེད། གནད་དོན་འདིའི་ཐད་ཤེལ་(Schell) ལགས་ཀྱིས་ཆོས་ལུགས་ནི་སོ་སོའི་རྒྱལ་ཁབ་དང་། འགོ་ཁྲིད། དམར་ཤོག་ཚོགས་པ། གཞུང་ལས་ལྷག་པའི་བསམ་བློའི་ལར་ཞེན་གཏིང་ཟབ་མོར་འཛིན་གྱི་ཡོད་པ་ངོས་འཛིན་གྱི་ཡོད་ཙང་བསམ་ཚུལ་དེ་དམར་ཤོག་ཚོགས་པས་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་རེད་ཅེས་གསུངས་སོང་།
“བོད་བརྟན་ལྷིང་ནི་དམར་ཤོག་གི་དབང་ཆ་སྲ་བརྟན་ལ་ཐུག་པ།”
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱ་ནག་ལ་ཆོས་ཕྱོགས་ཀྱི་ཤུགས་རྐྱེན་གཅིག་པུ་མིན་པར། དམར་ཤོག་ཚོགས་པས་བོད་ནང་སྟངས་འཛིན་ཡོངས་སུ་བྱེད་ཐུབ་རྒྱུར་དཀའ་ངལ་བཟོ་ཞིའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་པོ་ཞིག་ཆགས་ཡོད་པ་ཤེལ་ལགས་ཀྱིས་ངོས་འཛིན་གནང་གི་འདུག་ལ། ༸སྐུའི་ཡང་སྲིད་འདེམས་སྒྲུག་གི་གནད་དོན་ཐད་རྒྱ་ནག་ལ་མཐའ་མའི་འགན་དབང་ཡོད་པ་རྒྱ་ནག་གིས་བརྗོད་ཀྱི་ཡོད་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༥ ལོར་༸རྒྱལ་བའི་ཡང་སྲིད་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་བསྐྱར་ནན་གནང་པ་མ་ཟད། དེའི་འགན་འཁུར་གཙོ་བོ་དེ་༧གོང་ས་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་བཀའ་རྩ་གསལ་བསྒྲགས་བསྐྱངས་གནང་མཛད་ཡོད་པ་རེད།
རྩོམ་པ་པོའི་རྒྱབ་ལྗོངས་རཊ་པ།
ཨོར་ཝིལ་ཤེལ་(Orville Schell) ལགས་ནི་རྒྱ་ནག་གི་གནད་དོན་ཐོག་མཉམ་ཞིབ་ཁྱད་ལས་པ་ཙམ་མ་ཟད། གསར་འགོད་པ་དང་རྩོམ་པ་པོ་རྒན་གྲས་ཤིག་ཀྱང་ཡིན་པ་དང་། ཁོང་ནིའུ་ཡོག་ཏུ་ཡོད་པའི་ཨེ་ཤེ་ཡའི་སྤྱི་ཚོགས་ཚོགས་པའི་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ལྟེ་གནས་ཀྱི་འགན་འཛིན་གནང་བཞིན་ཡོད་པ་རེད།
༡༩༩༡ ལོར་ཤེལ་ལགས་ཀྱིས་སི་བྷི་ཨེས་སྐར་མ་ ༦༠ (CBS’s 60 Minutes) དང་མཉམ་དུ་རྒྱ་ནག་གིས་ངལ་རྩོལ་བསྒྱུར་བཀོད་ཀྱི་ཐབས་བྱུས་བརྒྱུད་ནས་བསྒྱུར་བཅོས་ཀྱི་བཙོན་ཁང་སྐོར་ལ་གསང་བའི་ཞིབ་བཤེར་གྱི་དངོས་ཡོད་གནས་ཚུལ་ཕྱིར་བསྒྲགས་གནང་ཡོད་པ་དང་། དེ་ཡང་ཉེ་འཆར་འདོན་སྤེལ་གནང་བའི་ཁོང་གི་ཕྱག་དེབ་གསར་པ་དེ་སྐབས་དེ་དུས་རྒྱ་ནག་ནང་གི་གསང་བའི་བཙོན་ཁང་གི་ཞིབ་བཤེར་ལ་ཞིབ་འཇུག་དང་ཕྱིར་ལྟ་བྱེད་པ་དང་གནད་དོན་དེ་ད་ལྟ་ཡང་གལ་ཆེན་པོ་ཆགས་དགོས་དོན་གང་ཡིན་པ་སོགས་ཀྱི་སྐོར་དམིགས་བཀར་གཙོ་འཛོན་གནང་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
