༧གོང་ས་མཆོག་གི་རྟ་དབང་ཁུལ་གྱི་མཛད་འཆར་ལ་འགྱུར་བ་ཕྱིན་འདུག
2017.04.04
གནམ་གཤིས་ཡག་པོ་མེད་པའི་རྐྱེན་གྱིས་༧གོང་ས་མཆོག་གི་མོན་རྟ་དབང་ཁུལ་གྱི་ཆིབས་བསྒྱུར་ཉིན་གྲངས་འགའ་ཤས་ཕྱིར་འགྱང་གནང་འདུག
དེ་ཡང་སྔོན་འཆར་ལྟར་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་༤་གཟའ་མིག་དམར་ཉིན་མོན་རྟ་དབང་ཁུལ་དུ་ཐད་འཕུར་གནམ་གྲུ་བརྒྱུད་ཕེབས་འཆར་ཡོད་ཀྱང་གོ་ཝ་ཧ་ཊིའི་ཁུལ་དུ་ཆར་རླུང་ཤུགས་ཆེ་བྱུང་བའི་རྐྱེན་གྱིས་ཕེབས་ལམ་བརྒྱུད་སྦོམ་དི་ལར་ཞབས་སོར་འཁོད་གནང་མཛད་འདུག་ཅིང་། ཆིབས་བསྒྱུར་སྐབས་མངའ་སྡེའི་སྤྱི་ཁྱབ་བློ་ཆེན་པདྨ་མཁའ་འགྲོ་ལགས་དབུས་ཞི་དྲག་གི་དཔོན་རིགས་དང་མང་ཚོགས་ནས་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག
ཕྱི་ཚེས་༥ ཉིན་འབུམ་སྡེ་ལར་ཡོད་པའི་སྟོན་པའི་སྐྱེད་མོས་ཚལ་གྱི་ནང་མང་ཚོགས་ལ་རྗེ་བཙུན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་སྩོལ་གནང་མཛད་རྒྱུ་དང་། ཕྱི་ཚེས་ ༦ ཉིན་དི་རང་ས་གནས་སུ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་བླ་མ་སྤྲུལ་སྐུ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ཐུགས་འགན་རྐང་བཞེས་ཐོག་གསར་དུ་བཞེངས་པའི་ཐུབ་གསུང་དར་རྒྱས་གླིང་དབུ་འབྱེད་དང་མང་ཚོགས་ལ་བློ་སྦྱོང་ཚིགས་བརྒྱད་མ་དང་བླ་མའི་རྣལ་འབྱོར། སྤྱན་རས་གཟིགས་ཀྱི་རྗེས་སྣང་བཅས་སྩོལ་རྒྱུའི་མཛད་འཆར་ཡོད་པ་རེད།
ཕྱི་འབྱུང་བའི་གནས་བབ་ལ་འགྱུར་བ་མ་ཕྱིན་པ་ཡིན་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༧ ཉིན་རྟ་དབང་དུ་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་ཞིང་། ཕྱི་ཚེས་ ༨ དང་ ༩ སོ་སོར་སྒོམ་རིམ་བར་པ་དང་ལག་ལེན་སོ་བདུན་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་དང་། ཕྱི་ཚེས་ ༡༠ ཉིན་རིག་འཛིན་གདུང་སྒྲུབ་ཀྱི་བཀའ་དབང་སྩོལ་གནང་མཛད་རྒྱུའི་མཛད་འཆར་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མོན་རྟ་ཝང་ཁུལ་ཆིབས་བསྒྱུར་སྐྱོང་གནང་གི་གནད་དོན་འདི་ནི་རྒྱ་གར་དང་རྒྱ་ནག་དབར་གྱི་རྩོད་གཞིའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱ་གར་གཞུང་ལ་འདི་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཡིན་པའི་སྐྱོན་འཛུགས་དང་། གནད་དོན་འདིས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་བར་འགོག་རྐྱེན་བཟོ་རྒྱུ་ཡིན་ལུགས་སོགས་ཀྱི་ཉེན་བརྡ་བསྟུད་མར་བཏང་ཡོད་པ་རེད།
ཕྱི་ཟླ་ ༤ ཚེས་ ༤ ཉིན་རྒྱ་གར་གྱི་ནང་སྲིད་བློན་ཆེན་སྐུ་གཞོན་ཀི་རཱན་རི་ཇི་ཇུ་ལགས་ཀྱིས། ཨ་རུ་ན་ཅཱལ་མངའ་སྡེ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། རྒྱ་ནག་གི་ངོས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ས་གནས་དེར་ཆིབས་བསྒྱུར་སྐྱོང་རྒྱུར་དགག་བྱ་བྱེད་རྒྱུ་དང་། རྒྱ་གར་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པ་གསུངས་འདུག ད་དུང་ཁོང་གིས་རྒྱ་གར་གྱི་ངོས་ནས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་གུས་བརྩི་ཞུ་གི་ཡོད་པ་ལྟར། རྒྱ་ནག་གིས་ཀྱང་རྒྱ་གར་གྱི་སྲིད་ཇུས་ལ་བརྩི་བཀུར་བྱེད་པའི་རེ་བ་ཡོད་ཅེས་གསུངས་འདུག།
གསར་འགོད་པ་འཆི་མེད་དང་། གུ་རུ་ཆོས་སྐྱིད།