རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཟུར་པ་ཇག་དྷིབ་དྷན་ཁར་ (Jagdeep Dhankhar) ལགས་ཀྱིས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༡༤ ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་སོང་།
མཇལ་ཁའི་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མཆོན་ཆེན་པོ་མཆོག་གིས་རྒྱ་གར་ནང་གི་རིས་སུ་མ་ཆད་པའི་ཆོས་ལུགས་དེ་དག་ཆ་ཚང་ལ་རང་དབང་ཡོད་པ་ཧ་ཅང་ཡག་པོ་དང་། ༧གོང་ས་མཆོག་ཀྱང་རྒྱ་གར་གི་རང་དབང་ལུང་པའི་ནང་བཞུགས་རྒྱུ་བྱུང་པའི་སྐབས་སེམས་གཏིང་ནས་སྤྲོ་བ་ཡོང་གི་ཡོད་པ་བཀའ་བསྩལ་མཛད་འདུག
རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཟུར་པ་ཇག་དྷིབ་དྷན་ཁར་ (Jagdeep Dhankhar) ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁའི་སྐབས། ད་རེས་ཁོང་གི་ནང་མི་དང་ལྷན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་ཐུབ་པ་དང་ཞལ་རས་དངོས་སུ་མཇལ་རྒྱུ་བྱུང་བ་དེ་རྩ་ཆེན་པོ་དང་སྐལ་པ་བཟང་པོ་བྱུང་ཞེས་སྙན་གསེང་ཞུས་འདུག
རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཟུར་པ་ཇག་དྷིབ་དྷན་ཁར་ (Jagdeep Dhankhar) ལགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༨ ནས་ཕྱི་ལོ་ ༢༠༢༥ ཟླ་ ༧ པ་བར་རྒྱ་གར་གྱི་སྲིད་འཛིན་གཞོན་པ་ ༡༤ པའི་ལས་འཁུར་ཞུས་ཡོད་པ་རེད་ལ། སྲིད་འཛིན་གཞོན་པའི་ལས་ཁུར་མ་བཞེས་གོང་ནུབ་བྷེང་གལ་མངའ་སྡེའི་སྤྱི་ཁྱབ་ཀྱི་ཐུགས་འགན་བཞེས་པའི་སྐབས་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༦ ཉིན་ཀོལ་ཀ་ཏར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཁག་ཅིག་དང་ལྷན་མཇལ་འཕྲད་གནང་ཡོད་པ་རེད།
གཞན་ཡང་ཕྱི་ཚེས་ ༡༤ ཉིན་ཕྱི་ནང་གི་དད་ལྡན་པ་ཁྱོན་ ༣༠༠ ལྷག་ཙམ་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། བལ་ཡུལ་ནས་ཡིན་པ་ཌི་ན་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་དུ་བཅར་རྒྱུ་བྱུང་བར་ཧ་ཅང་བསོད་ནམས་ཆེན་པོ་ཡིན་པ་ཚོར་བྱུང་། ཐེངས་འདིའི་མཇལ་ཁ་ཐོབ་པ་ནི་ངས་༧གོང་ས་མཆོག་གི་མཇལ་ཁ་ཞུས་པ་ཐེངས་བཞི་པ་དེ་ཆགས་ཀྱི་ཡོད། ད་རེས་མཇལ་ཁ་ཐོབ་པར་བརྗོད་དཀའ་བའི་སྤྲོ་སྣང་དང་བཀའ་དྲིན་དྲན་པ། དེ་བཞིན་སེམས་འགུལ་ཐེབས་པ་ཞིག་བྱུང་ཞེས་གསུངས་བྱུང་། ཡང་ར་ཤི་ཡ་ནས་ཡིན་པའི་ན་ཊ་ལི་ཡ་ལགས་ཀྱིས། ཐེངས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པར་བརྗོད་པར་དཀའ་བའི་ཉམས་མྱོང་ཞིག་བྱུང་ལ། ད་ལྟའང་མཇལ་ཁ་ཞུས་པའི་བརྒྱུད་རིམ་དེ་ཚོར་བཞིན་འདུག་ཅེས་གསུངས་བྱུང་།
སུད་སི་ནས་ཡིན་པའི་བློ་བཟང་ལུང་རྟོགས་ལགས་ཀྱིས། མཇལ་ཁ་ཧ་ཅང་ཡག་པོ་ཐོབ་ཅིང་སྐལ་བ་བཟང་པོ་བྱུང་ཞེས་འགྲེལ་བརྗོད་གནང་པ་དང་སྦྲགས། སྐུ་མདུན་གྱི་ཞལ་རས་མཇལ་བ་ཙམ་གྱིས་སེམས་ནང་བདེ་སྐྱིད་ཀྱི་ཚོར་བ་དཔག་ཏུ་མེད་པ་ཞིག་བྱུང་ཞེས་གསུངས་བྱུང་།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
