རྒྱ་ནག་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གར་ཡོད་གནད་དོན་གསལ་བཤད་བྱེད་རྒྱུའི་དུས་ལ་བབ་ཡོད་ཅེས་༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་ཏེ་ལོ་ངོ་ ༣༡ འཁོར་བའི་ཉིན་གསུངས་སོང་།
༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ་ད་ཆ་ལོ་ངོ་སོ་གཅིག་ཧྲིལ་པོ་འགྲོ་བཞིན་ཡོད་ཀྱང་། ཁོང་གར་སོང་ཆ་མེད་ཀྱི་གནད་དོན་ཐད་གོ་རྟོགས་སྤེལ་རྒྱུ་དང་ལས་འགུལ་གང་མང་སྤེལ་རྒྱུ་ནི་ང་ཚོའི་ལས་འགན་ཞིག་ཡིན་པས། ལས་འགུལ་དེ་དག་མུ་མཐུད་གནང་རྒྱུ་ཡིན་པ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་གསུང་གི་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེ་མཆོག་བཙན་ཁྲིད་བྱས་ཏེ་མི་ལོ་ ༣༡ འཁོར་གྱི་ཡོད་ཀྱང་། ང་ཚོའི་ངོས་ནས་རེ་བ་བཟང་ས་ནས་བྱེད་དེ་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་ལ། ལས་འགུལ་སྤེལ་མཁན་གྱི་ཚོགས་པ་ཞིག་ཡིན་པར་བརྟེན། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་མ་ཐོབ་ཀྱི་བར་དང་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་གར་ཡོད་སོགས་ཀྱི་གནས་སྟངས་ཐད་ཕྱི་གསལ་ནང་གསལ་མ་བྱེད་ཀྱི་བར་ལས་འགུལ་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུང་གི་འདུག

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་འཛིན་བཟུང་བཙན་ཁྲིད་བྱས་པའི་ཉིན་མོ་འདི་དང་བསྟུན། བོད་མི་རྒན་རྒོན་ཁག་ཅིག་གིས་ཆུང་སྲིད་རིན་པོ་ཆེ་མཆོག་སྐུ་ན་ཕྲ་བའི་དུས་ནས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པར་བློ་ཕམ་ཆེན་པོ་ཡོད་པ་གསུངས་བྱུང་། དེ་ཡང་རང་ལོ་གྱ་བདུན་ཡིན་པ་ཨ་མ་ཡེ་ཤེས་བཟང་མོ་ལགས་ཀྱིས་ངུ་སྒྲ་དང་བཅས། པཎ་ཆེན་རིན་པོ་ཆེ་དགུང་ལོ་ཆུང་དུས་ནས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པ་བསམ་བློ་འཁོར་དུས་ཧ་ཅང་སེམས་པ་སྐྱོ་ཡི་འདུག་ཅེས་དང་། ད་ཆ་རང་ལོ་གྱ་བདུན་ཡིན་ནའང་སྐད་འབོད་སོགས་ཀྱི་ལས་འགུལ་ནང་མ་ཆད་པར་མཉམ་ཞུགས་བྱེད་ཀྱི་ཡོད་ཅེས་གསུངས་བྱུང་། དེ་བཞིན་སྤོ་བུ་ཕྲུག་ལགས་ཀྱིས། པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་བཏང་ན་ཡག་པོ་ཡོད་ཅིང་གློད་རྒྱུའི་དུས་ལ་བབ་ཡོད་ཅེས་གསུང་གི་འདུག

བཞུགས་སྒར་རྡ་སར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ཀྱིས་ལས་འགུལ་སྣ་མང་སྤེལ་བ་བརྒྱུད་ཆུང་སྲིད་རིན་པོ་ཆེ་རྒྱ་ནག་གཞུང་གིས་བཙན་བཟུང་བྱེད་པའི་སྐོར་གྱི་གནད་དོན་ཐད་ས་གནས་མི་མང་ལ་གོ་རྟོགས་སྤེལ་ཡོད་པ་རེད། དེ་ཡང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་བོད་སློབ་ཁག་བཅུ་གསུམ་གྱི་སློབ་ཕྲུག་རྣམས་ཀྱིས་པཎ་ཆེན་རིན་པོ་ཆེའི་གནད་དོན་དང་འབྲེལ་བའི་རི་མོའི་འགྲེམས་སྟོན་དང་། གཞོན་ནུ་ལྷན་ཚོགས་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་གཉིས་ཀྱིས་མེག་གྷན་ཁྲོམ་གཞུང་དུ་རིང་ཚད་ཕིཊ་ (feet) ༢༠ ཅན་གྱི་འཕྲེད་དར་དཔྱངས་ཤིང་། ཡུལ་བསྐོར་སྤྲོ་འཆམ་པ་རྣམས་ལ་དྲིལ་བསྒྲགས་ཀྱི་ལྟེབ་ཤོག་འགྲེམས་སྤེལ། དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སོགས་སྤེལ་ཡོད་པ་རེད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་མཛད་པའི་ཉིན་གསུམ་གྱི་རྗེས་ཏེ་ཕྱི་ཟླ་ ༥ ཚེས་ ༡༧ ཉིན། རྒྱ་ནག་གཞུང་གིས་དགུང་གྲངས་དྲུག་ལ་ཕེབས་པའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་སྐུ་འཁོར་དང་བཅས་པ་བཙན་ཁྲིད་བྱས་ནས་ད་བར་གར་ཡོད་གར་ཁྲིད་གནས་ཚུལ་རྩ་བ་ནས་ཤེས་རྟོགས་མེད་པར་གྱུར་ནས་ད་ཆ་ལོ་ངོ་ ༣༡ འཁོར་ཡོད་པ་རེད།
ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་བོད་མི་འདུ་འཛོམས་ཀྱིས་རྔམ་སྟོན་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།།
པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
