ས་ག་ཟླ་བར་བོད་ནང་དམ་དྲག

ས་ག་ཟླ་བ་དབུ་ཚུགས་པ་དང་རྒྱ་ནག་གཞུང་གིས་ཆོས་ལུགས་དང་སྤྱི་ཚོགས་ནང་ཕྱོགས་ཡོངས་ནས་དམ་དྲག་ཆེ་རུ་བཏང་བ།

ས་ག་ཟླ་བར་བོད་ནང་དམ་དྲག

ད་རེས་ཕྱི་ཟླ་ ༥ ཚེཟ་ ༡༧ ཉིན་ནས་ས་ག་ཟླ་བ་དབུ་ཚུགས་པའི་སྐབས་དེར་རྒྱ་ནག་གཞུང་གིས་བོད་ནང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ནན་བརྗོད་བྱས་ཏེ་ཆོས་ལུགས་བྱེད་སྒོར་ཕྱོགས་ཡོངས་ནས་དམ་དྲག་གི་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅིང་། གཞུང་ཕྱོགས་ཀྱི་བརྡ་ཐོ་དང་གཞི་རིམ་གྱི་ཡིག་ཆ་ཁག་ཅིག་ཐོག་ནས་མངོན་པར། ལས་ཁུངས་ཁག་གི་ལས་བྱེད་པ་དང་། དམར་ཤོག་ཚོགས་པའི་ཚོགས་མི། སློབ་མ་ལ་སོགས་པར་ཆོས་ལུགས་བྱེད་སྒོར་མཉམ་ཞུགས་བྱེད་མ་ཆོག་པའི་བཀག་སྡོམ་བྱས་པ་མ་ཟད། དགོན་སྡེ་དང་། གྲྭ་བཙུན། ལྟ་ཞིབ་འོག་ཚུད་པའི་དམིགས་བསལ་མི་སྣ། དེ་བཞིན་དྲ་རྒྱའི་གཏམ་བརྗོད་བཅས་པར་ལྟ་སྐུལ་ཚོད་འཛིན་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཡོད།

བོད་ནང་གི་བོད་མི་གཉིས་ཀྱིས་བརྗོད་པར། འདི་ལོ་ས་ག་ཟླ་བ་མ་སླེབས་སྔོན་ནས་ལས་ཁུངས་ཁག་ནས་ལས་བྱེད་དང་ལས་བཟོར་བརྡ་ཐོ་བཏང་སྟེ་ཆོས་ལུགས་བྱེད་སྒོ་ཁག་ནང་མཉམ་ཞུགས་བྱེད་མི་ཆོག་པ་བརྗོད་སོང་བ་དང་། བོད་ནང་མཚོན་ན། བརྡ་ཐོ་དེ་རིགས་རྒྱུན་ལྡན་ཆགས་ཡོད་ལ། ལས་ཁུངས་ཚང་མར་ས་ག་ཟླ་བའི་རིང་སྐོར་གཡེང་སྡོད་བྱ་ནན་པོ་ཡོད་ཅེས་དང་། ཟླ་ ༥ ཚེས་ ༡༧ ཉིན་ནི་རེས་གཟའ་ཉི་མ་དང་གུང་གསེང་ཡིན་རུང་། ལྷ་སའི་སློབ་གྲྭ་ཁག་ཅིག་གིས་སློབ་མ་ཚོ་སློབ་གྲྭར་ཕྱིར་ལོག་བྱེད་བཅུག་སྟེ་སློབ་ཚན་ཚོགས་དགོས་པ་བརྗོད་སོང་བ་དང་། སློབ་གྲྭ་ནས་རྒྱུ་མཚན་གང་ཡིན་འགྲེལ་བརྗོད་བྱས་མེད་ན་ཡང་ས་ག་ཟླ་བའི་ཉིན་དང་པོ་དེ་ཡིན་ཙང་མཆོད་མཇལ་ཞུ་བར་བཀག་འགོག་གི་ཆེད་དུ་རེད་ཅེས་བརྗོད་བྱུང་།

གཞུང་ཕྱོགས་ཀྱི་གཏན་འབེབས་ནང་གསལ་བར། བོད་རང་སྐྱོང་ལྗོངས་ནང་མཚོན་ན། ༢༠༢༦ ལོའི་ས་ག་ཟླ་བའི་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་སྔོན་འགོག་ཚོད་འཛིན་གྱི་ལས་ཀའི་ཐབས་ཇུས་ཟེར་བ་དང་ ༢༠༢༦ ལོའི་ས་ག་ཟླ་བའི་རིང་གློ་བུར་དུ་ཐོན་སྲིད་པའི་དམིགས་བསལ་གནས་ཚུལ་གྱི་ཛ་དྲག་སྔོན་འགོག་ཐབས་ཇུས་ཟེར་བ་ལག་བསྟར་བྱས་ཏེ། གྲོང་ལྷན་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག གཞི་རིམ་ལས་བྱེད་པ་བཅས་ལ་གྲོང་མི་རྣམས་ལྷ་ས་དང་དགོན་སྡེ་ཁག་གི་ཆོས་ལུགས་བྱེད་སྒོ་གང་རུང་ནང་ལ་མཉམ་ཞུགས་བྱེད་མི་ཆོག་པའི་བཀག་སྡོམ་ནན་པོ་བྱེད་དགོས་པའི་བརྡ་ཐོ་བཏང་ཡོད་པ་མ་ཟད། དགོན་སྡེ་དང་། ཁང་གླ་བཏང་བ་ཁག། བུ་བཅོལ་ཁང་། ཕྱི་མི་ཡོང་མཁན་བཅས་ལ་བརྟག་དཔྱད་དང་དོ་དམ་ཤུགས་ཆེ་རུ་བཏང་ནས་རང་གི་མི་རང་གིས་དོ་དམ་བྱེད་ཐུབ་པ་དགོས་སྐོར་སོགས་བརྗོད་ཡོད་འདུག

ས་ག་ཟླ་བ་དབུ་ཚུགས་པ་དང་རྒྱ་ནག་གཞུང་གིས་ཆོས་ལུགས་དང་སྤྱི་ཚོགས་ནང་ཕྱོགས་ཡོངས་ནས་དམ་དྲག་ཆེ་རུ་བཏང་བ།
ས་ག་ཟླ་བར་བོད་ནང་དམ་དྲག ཕོ་བྲང་པོ་ཏ་ལ་མདུན་ཐང་གི་རྒྱ་ནག་གཞུང་གི་དྲིལ་བསྒྲགས་དང་བོད་པའི་གྲ་བཙུན། ༢༠༢༠།༡༠།༡༥ (REUTERS)

དེ་མིན་ཡང་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་མང་པོའི་ནང་དམར་ཤོག་ཚོགས་པའི་ཚོགས་མི་དང་གཞི་རིམ་ཀྱི་ལས་བྱེད་པ་ཚོའི་ཁྲོད་དུ་ལྷ་མེད་སྨྲ་བའི་སློབ་གསོ་ཟེར་རྒྱ་ཁྱབ་ངང་སྤེལ་བཞིན་ཡོད་པ་དང། དཔེར་ན། ལྷ་ས་གྲོང་ཁྱེར་ཁོངས་ཀྱི་སྟག་རྩེ་ཁུལ་དུ་མཚོན་ན། དམར་ཤོག་ཚོགས་པའི་སྐོར་གྱི་ཆེད་སྒྲིག་སློབ་ཚན་ནང་། དམར་ཤོག་ཚོགས་པའི་ཚོགས་མིས་ཆོས་ལ་དད་པ་བྱེད་མི་ཆོག་པ་དང་། ཆོས་ལུགས་བྱེད་སྒོར་མཉམ་ཞུགས་བྱེད་མི་ཆོག་པའི་ནན་བརྗོད་བསྐྱར་དུ་བྱས་འདུག ཡང་བོད་ཀྱི་དགོན་སྡེ་ཁག་ནང་ས་ག་ཟླ་བའི་སྔོན་ཙམ་ནས་ས་གནས་སོ་སོའི་དཔོན་རིགས་ཀྱིས་དོ་དམ་གྱི་ལས་དོན་བཀོད་སྒྲིག་བྱས་ཤིང་། ཆོས་ལུགས་ཀྱི་སྒྲིག་ཁྲིམས་ཟེར་བ་དང་ཆབ་སྲིད་ཀྱི་མཐའ་ཐིག་ཟེར་བ་ནན་སྲུང་དགོས་པ་བརྗོད་ནས་གྲྭ་བཙུན་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་ལ་ཁྲིམས་ལྟར་དོ་དམ་དགོས་པ་མ་ཟད། ད་དུང་ཆོས་ལུགས་ཀྱི་ཁྱབ་ཁོངས་ལ་འདུ་ཤེས་གསུམ་ཟེར་བའི་སློབ་གསོ་དང་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་པ་བརྗོད་འདུག

གཞན་ཡང་ལྟ་ཞིབ་འོག་ཚུད་པའི་དམིགས་བསལ་མི་སྣར་ལྟ་རྟོག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་། སྐད་འཕྲིན་དང་ཁྱུག་དབྱིངས་སོགས་ཀྱི་སྤྱི་ཚོགས་དྲ་རྒྱའི་སྟེང་གནས་ཚུལ་རང་འདོད་བཞིན་སྤེལ་མི་ཆོག་པ་སོགས་བཀག་སྡོམ་བྱས་འདུག

བོད་མི་ཁག་ཅིག་གིས་ངོས་འཛིན་བྱེད་པར། རྒྱ་ནག་གཞུང་གིས་ལོ་མང་རིང་ས་ག་ཟླ་བ་ལྟ་བུའི་སྲོལ་རྒྱུན་གྱི་ཆོས་ཕྱོགས་དུས་ཆེན་ཁག་སླེབས་པའི་སྐབས་དེར་རྣོ་ངར་གྱི་དུས་ཚིགས་ལ་བརྩིས་ནས། ཆོས་ཕྱོགས་དུས་ཆེན་ནམ་ཡིན་ལ་ལྟ་ཞིབ་དང་། བརྟན་ལྷིང་ནན་བརྗོད་བྱས་པ། བོད་མིའི་བསམ་བློའི་ཐོག་སྟངས་འཛིན་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་ཅིང་། གཞུང་ཕྱོགས་ཀྱིས་སྤྱི་ཚོགས་བརྟན་ལྷིང་ཟེར་བ་དང་མི་རིགས་མཐུན་སྒྲིལ་ཟེར་བ་སོགས་ཚོགས་འདུ་ཚང་མའི་ནང་ནན་བརྗོད་བྱེད་བཞིན་ཡོད་པའི་ཐོག་ཁྲོམ་གཞུང་ཚང་མའི་ནང་བོད་རྒྱ་ཡིག་རིགས་གཉིས་ཀྱི་ནང་སྦྱར་ཡིག་ཐོག་བཀོད་ཡོད་པ་འདི་རྣམས་ཚང་མ་ནི་བོད་མིའི་ཆོས་ལུགས་དང་རིག་གཞུང་གི་ཐོག་དམ་དྲག་དང་བཀག་འགོག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག