༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་ཎི་དུང་སྒྲུབ་ཀྱི་ཚོཊ་མགོན་དུ་དབུ་བཞུགས་མཛད་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་སོང་།
ལོ་ལྟར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ས་ག་ཟླ་བ་འགོ་ཚུགས་པ་དང་བསྟུན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་ཞབས་བརྟན་དང་། བསྟན་སྲིད་བདེ་ཐབས་ཀྱི་ཆེད་མ་ཎི་དུང་སྒྲུབ་གསོག་སྒྲུབ་གནང་གི་ཡོད་པ་བཞིན། ཕྱི་ཟླ་ ༥ ཚེས་ ༡༧ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་སོང་།

སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་བཤེས་བློ་བཟང་གྲགས་པ་ལགས་ཀྱིས། མང་ཚོགས་ཀྱིས་ནམ་རྒྱུན་འབུམ་འགྱུར་ཟླ་བའི་སྐབས་མ་ཎི་མང་པོ་གསོག་སྒྲུབ་ཞུ་གི་ཡོད་ཀྱང་། ད་ལྟ་ནས་མ་ཎི་གསོག་སྒྲུབ་འགོ་འཛུགས་གནང་ཚེ་མ་ཎི་དུང་སྒྲུབ་གསོག་སྒྲུབ་ཐུབ་སྟེ་སྤྱི་ཡོངས་ཀྱིས་བླ་མའི་སྐུ་ཚེ་བརྟན་པ་དང་། འཛམ་གླིང་ཞི་བདེ་ཡོང་བ་སོགས་ལ་ཕན་ཐོགས་ཆེན་པོ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། མ་ཎི་དུང་སྒྲུབ་སྐབས་ཀྱི་མ་ཎི་རིལ་བུ་སྒྲུབ་གཞག་གནང་རྒྱུ་དང་འབྲེལ། མ་ཎི་རིལ་བུ་ནི་ཞེ་དྲགས་ཀྱི་རྩ་ཆེན་པོ་ཞིག་དང་ཕུན་གསུམ་ཚོགས་པ་ཞིག་ཡིན་ཞིང་། ལྷག་པར་དུ་དེའི་ནང་། ཆོ་ག་ཁྱད་པར་ཅན་ཞདང་བྲེལ་ནས་རྫས་དང་སྔགས་སོགས་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་སྒོ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་དང་བྱིན་རླབས་མཛད་པར་བརྟེན་རིན་ཐང་ཆེ་བའི་རིལ་བུ་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡོད།

རྩ་བའི་ས་ག་ཟླ་བ་ནི། སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང་། སྐུ་མྱ་ངན་ལས་འདས་པ། མངོན་པར་རྫོགས་པ་སངས་རྒྱས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་ཀྱི་ཁྱད་དུ་འཕགས་པའི་དུས་ཚིགས་ཤིག་ཡིན་ཞིང་། ནམ་རྒྱུན་ཟླ་བ་འདིར་འབུམ་འགྱུར་ཟླ་བ་ཞེས་འབོད་སྲོལ་ཡོད་པ་རེད། ལོ་ལྟར་བཞིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་དུ་འཚོག་བཞིན་པའི་མ་ཎི་དུང་སྒྲུབ་ཀྱི་རྟེན་གཙོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱིད་གྲོང་གི་ཇོ་བོ་ཝ་ཏི་བཟང་པོ་གདན་ཞུས་གནང་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
