༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་ནང་ནང་ཆོས་ལ་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པ་དང་བསྟུན་གཙོ་བོ་སྙིང་རྗེ་དང་གཞན་ཕན་གྱི་བློའི་སྐོར་རྒྱ་སྐྱེད་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་བཀའ་བསྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ Dalai Lama Fellows ཞེས་པའི་༧གོང་ས་ཏཱ་ལའི་བླ་མའི་སློབ་ཡོན་ལས་གཞིའི་ཁོངས་ཀྱི་གཞོན་སྐྱེས་འགོ་ཁྲིད་ཁག་ཅིག་ལ་མཇལ་ཁ་བསྩལ་བ་དང་མཉམ། གཙོ་བོ་སྙིང་རྗེ་ནི་འགྲོ་བ་མི་ལ་རང་ཆས་སུ་ཡོད་པའི་ཁྱད་ཆོས་ཤིག་ཡིན་སྟབས། ང་ཚོས་དུས་རྒྱུན་དུ་བྱམས་པ་དང་བརྩེ་བར་བློ་སྦྱངས་དགོས། སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུ་ནི་སྙིང་རྗེའི་ཐོག་ནས་སྒྲུབ་རྒྱུ་ཞིག་རེད་ལ། མ་འོངས་འཛམ་གླིང་ལ་ཞི་བདེ་འདོད་པ་དེ་ཡང་སྙིང་རྗེར་རགས་ལུས་ཡོད། དེང་སང་རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་བསྟུན་གཙོ་བོ་སྙིང་རྗེ་དང་གཞན་ཕན་གྱི་བློ་རྒྱ་སྐྱེད་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་བཀའ་བསྩལ་ཡོད་པའི་སྐོར་ལས་གཞི་དེའི་ཐུགས་འགན་བཞེས་མཁན་༧སྐུའི་དབྱིན་སྐད་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
༧གོང་ས་མཆོག་གི་ (Dalai Lama Fellows) མཚན་གནས་རྗེས་འབྲེལ་གྱི་སློབ་ཡོན་ལས་གཞི་འདི་ནི་ཕྱི་ལོ་ ༢༠༡༠ ལོར་གསར་དུ་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། ལས་གཞི་འདིའི་ནང་ཆ་ཤས་ལེན་མཁན་གྱི་གཞོན་སྐྱེས་ཚོའི་ངོས་ནས་སོ་སོའི་གནས་ཡུལ་གྱི་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུར་ན་གཞོན་དབུ་ཁྲིད་ཀྱི་ནུས་པ་འདོན་རྒྱུར་དམིགས་པའི་དགོངས་ཡངས་ཀྱི་ལས་གཞི་ཤིག་ཡིན་པ་རེད་ལ། ཐེངས་འདིའི་མཇལ་ཁའི་ཁོངས་རྒྱལ་ཁབ་ཉི་ཤུ་རྩ་བཞི་ནས་ཚོགས་བཅར་བ་ལྔ་བཅུ་ང་གཅིག་ཙམ་བཅར་ཡོད་པ་རེད།
སྤྱི་ཚོགས་ནང་ཞི་བདེ་དར་སྤེལ་གཏོང་བའི་ལས་གཞི་འདིའི་ཁོངས་ཀྱི་གཞོན་སྐྱེས་ཁག་ཅིག་གིས་ཐེངས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པར་སེམས་འགུལ་ཐེབས་པ་ཞིག་བྱུང་ཞེས་གསུང་གི་འདུག དེ་ཡང་ཧོ་ཨན་ཨ་རོ་ལ་ལགས་ཀྱིས། “ཐེངས་འདིར་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པ་དེ་སེམས་འགུལ་ཐེབས་པ་ཞིག་བྱུང་། ད་ལྟའང་ངའི་སེམས་ནང་དགའ་སྤྲོ་དང་བདེ་སྐྱིད་ཀྱིས་ཁེངས་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་སྙིང་རྗེའི་དགོངས་གཞི་ནི་དེང་གི་འཛམ་གླིང་ནང་དགོས་མཁོ་ཆེ་བ་ཞིག་ཡིན་པས། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གནང་བར་བཀའ་དྲིན་ཆེ་ཞུ།” ཞེས་གསུངས་བྱུང་ལ། ཀེ་ལིས་ས་ཊེན་བྷོལ་ལགས་ཀྱིས། ཐེངས་འདིར་ང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པ་ནི་ཐེངས་གཉིས་པ་ཆགས་ཀྱི་ཡོད་ལ། ད་རེས་ཀྱི་མཇལ་ཁ་འདི་བཞིན་དེ་སྔ་ལས་དམིགས་བསལ་ཅན་ཞིག་བྱུང་། བྱིན་རླབས་ཆེ་ཞིང་སྐལ་པ་བཟང་པོ་ཚོར་གྱི་འདུག ཡང་ཊོ་ནི་ལགས་ཀྱིས། སྐུའི་གོ་སྟོན་ལ་འཚམས་འདྲི་ཞུ་རྒྱུ་དང་། ཐེངས་འདིའི་མཇལ་ཁ་ནི་ངོ་མཚར་ཅན་དང་སེམས་ནང་སྐུལ་མ་ཐེབས་པ་ཞིག་བྱུང་། ངས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལ་ཡིད་ཆེས་ཀྱིས། ཁོང་ལྟ་བུར་གྱུར་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་བྱུང་།
དགེ་བཤེས་ཐུབ་བསྟུན་སྦྱིན་པ་ལགས་ཀྱིས། ལོ་ལྟར་ (Global Dalai Lama Assembly) ཞེས་པ་ཨ་རིར་ཚོགས་ཀྱི་ཡོད་ཀྱང་། འདི་ལོར་རྡ་སར་གོ་སྒྲིག་གནང་དགོས་དོན་ནི། ཕྱི་རྒྱལ་བ་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞལ་ཚོར་གྱི་ཡོད་ཀྱང་། རྩ་བའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་པའི་སྤྱི་ཚོགས་ནང་ཤིན་ཏུ་གལ་ཆེའི་སྐྱེས་བུ་ཐུགས་མྱོང་ཅན་ཞིག་ཡིན་སྟབས། ཚོགས་བཅར་བ་རྣམས་རྡ་སར་བཅར་ན་བོད་ཀྱི་རིག་གཞུང་ཕྱུག་པོ་དེ་དག་དངོས་སུ་ཉམས་མྱོང་ཐོབ་ཆེད་དུ་དམིགས་པ་ཡིན་ཞེས་གསུངས་པ་དང་སྦྲགས། ཕྱི་རྒྱལ་གྱི་མཐོ་སློབ་འདྲ་མིན་ནང་འགྲིམ་བཞིན་པའི་བོད་ཕྲུག་རྣམས་ཀྱིས། གལ་ཏེ་མཐོ་སློབ་ཏུ་༧གོང་ས་ཏཱ་ལའི་བླ་མའི་ (Dalai Lama Fellows) མཚན་གནས་རྗེས་འབྲེལ་གྱི་གཞོན་སྐྱེས་ཀྱི་འགོ་ཁྲིད་སྐྱེད་སྲིང་བྱེད་པའི་ཆ་རྐྱེན་ཡོད་ཚེ། མཉམ་ཞུགས་དགོས་གལ་ཆེ་སྟེ། དེས་རྒྱལ་སྤྱིའི་མི་སྣ་མང་པོ་དང་ཐུག་འཕྲད་བྱུང་ནས་བློ་རྒྱ་འཕེལ་བ་སོགས་ཀྱི་ཁེ་ཕན་ཡོད་པ་གསུངས་བྱུང་།

གཞན་ཡང་ཐེངས་འདིའི་མང་མཇལ་ཁྲོད་ (Jharkhand) མངའ་སྡེའི་ཁྲིམས་ཁང་གོང་མའི་ཁྲིམས་དཔོན་ཆེ་བ་ཟུར་པ་ (Tarlok Singh Chauhan) ལགས་ཀྱིས་ཀྱང་༧གོང་ས་མཆོག་གི་མཇལ་ཁར་བཅར་འདུག ཁོང་གིས། “ཐེངས་འདིའི་མཇལ་ཁ་དེ་ངོ་མཚར་ཅན་ཞིག་བྱུང་ཟེར་ནའང་ཚིག་ཆུང་དྲགས་པ་རེད་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་སྙན་གྲགས་ཅན་ཙམ་མ་ཡིན་པར་ལྷ་ངོ་མ་དེ་ཡིན་པས། གང་ཟག་ཞིག་ལ་མཚོན་ན་ཁོང་གི་མཇལ་ཁ་ཐོབ་པ་དེ་མི་ཚེའི་ནང་གི་གཟི་བརྗིད་ལྡན་པའི་ཉིན་མོ་ཞིག་རེད་ལ། ང་ལ་མཚོན་ན་དཀོན་མཆོག་གི་བཀའ་དྲིན་ལ་བརྟེན་ནས་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པ་དེ་ཐེངས་གཉིས་པ་ཆགས་ཀྱི་ཡོད་པས་ཧ་ཅང་བསོད་ནམས་ཆེན་པོ་ཚོར་གྱི་འདུག མཇལ་ཁའི་སྐབས་ངས་མགོན་པོ་མཆོག་སྐུ་ཚེ་བརྟན་ཅིང་སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་འདུན་ཞུས་པ་ཡིན།” ཞེས་གསུངས་བྱུང་ལ། ཡང་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ (Bhumi Padnekar) ལགས་དང་ཁོང་གི་གཅུང་མོ་ (Samiksha Pednekar) ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་རེད། མཇལ་ཁ་གྲུབ་མཚམས་བྷུ་མི་ལགས་ཀྱིས། ཐེངས་འདིར་ང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པར་ང་རང་བསོད་ནམས་ཆེན་པོར་ངོས་འཛིན་ཞུ་ཡི་ཡོད། ད་ལྟའང་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ང་ལ་སྤྱན་གྱིས་གཟིགས་པ་དེ་དྲན་གྱི་འདུག ང་འདིར་བསླེབས་ཐུབ་པ་ཙམ་གྱིས་བསོད་ནམས་ཆེན་པོ་ཚོར་གྱི་འདུག སེམས་འགུལ་ཐེབས་པའི་ཉམས་མྱོང་ཞིག་བྱུང་ཞེས་གསུངས་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
