མདོ་ཁམས་ཆུ་བཞི་སྒང་དྲུག་དང་ཧི་མ་ལ་ཡ་ནང་པའི་ཪིག་གཞུང་མཐུན་ཚོགས་ཀྱིས་༧གོང་ས་མཆོག་ལ་གཟེངས་རྟགས་ཕུལ་ཏེ་བཀྲིན་རྗེས་དྲན་ཞུས་པ།

དོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་ཧི་མ་ལ་ཡ་ནང་པའི་རིག་གཞུང་མཐུན་ཚོགས་ཐུན་མོང་གིས་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་ཆེད་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་སྦྲགས། འདི་ལོར་༧སྐུའི་གོ་སྟོན་དང་བསྟུན་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ། ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་ཀྱིས་ཚབ་ཞུས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རིགས་གསུམ་པདྨའི་རང་མདངས་ཞེས་པ་དང་། ཧི་མ་ལ་ཡའི་དད་ལྡན་པ་རྣམས་ཀྱིས་བྱམས་བརྩེའི་གཟེངས་རྟགས་ཞེས་པ་ཞིག་འབུལ་བཞེས་མཛད་སོང་།ཧི་མ་ལ་ཡའི་ཚོས་ཚོགས་ཐུན་མོང་གིས་ཕུལ་བའི་བྱམས་བརྩེའི་གཟེངས་རྟགས་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༧སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་དང་འབྲེལ། འཛམ་གླིང་གི་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་ཏུ་བོད་ཁ་བ་གངས་ཅན་པ། ཡང་སྒོས་བོད་ཀྱི་མཐའ་མཚམས་ཀྱི་ཉེ་ས་ཁག་ཏུ་གནས་པའི་མི་མང་རྒྱ་གར་དང་། འབྲུག བལ་ཡུལ་བཅས་ཀྱི་ཧི་མ་ལ་ཡའི་དད་དམ་གཡོ་བ་མེད་པའི་སྐྱེ་འགྲོ་ཡོངས་ལ་མགོན་པོ་གང་གིས་བཀའ་དྲིན་གཞལ་དུ་མེད་ཅིང་ད་ལམ་བཀའ་དྲིན་གྱི་ཆ་ཕྲ་མོ་ཙམ་གསབ་པའི་སླད་བཀའ་དྲིན་རྗེས་དྲན་གྱི་བྱམས་བརྩེའི་གཟེངས་རྟགས་ཕུལ་ཡོད་པ་འབྲེལ་ཡོད་བརྟན་བཞུགས་གོ་སྒྲིག་ཚོགས་མིས་སྙན་སྒྲོན་སྒྲོག་སྦྱང་ཞུས་སོང་ལ། མདོ་ཁམས་ཆུ་བཞི་སྒང་དྲུག་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གིས་ཀྱང་འདི་ལོར་༧སྐུའི་གོ་སྟོན་དང་བསྟུན། ཁོང་རྣམ་པ་ཡོངས་ནས་ཚེ་ཐར་གཏོང་བ་དང་། རྩི་ཤིང་འདེབས་འཛུགས། ཞབས་རིམ་གསོག་སྒྲུབ་སོགས་བྱམས་བརྩེའི་ལོ་གང་ལེགས་སྲུང་བརྩི་ཞུས་ཡོད་པ་ཡང་སྙན་སེང་ཞུས་སོང་།

གཞན་ཡང་ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་ཆེད་བཞུགས་སྒར་དུ་ཕེབས་པ་རྟ་མགྲིན་ལྷ་མོ་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་པ་ཙམ་ལ་མིན་པར་འཛམ་གླིང་ཁྱོན་ཡོངས་ལ་བཀྲིན་ཆེན་པོ་ཡིན་པས། ཁོང་གི་བཀའ་དྲིན་ང་ཚོས་ཁ་ཙམ་ཚིག་ཙམ་མིན་པར་དུས་རྒྱུན་དུ་བཀའ་སློབ་ཕེབས་པ་ཁང་ཉིན་རེའི་འཚོ་བའི་ཁྲོད་ལག་བསྟར་དགོས་གལ་ཆེ་ཞེས་གསུང་གི་འདུག་ལ། ཁུ་ནུ་ (Kinnaur) ནས་ཡིན་པའི་ཨ་ཤ་ནེ་གྷི་ལགས་ཀྱིས། “དེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་ངའི་མཉམ་དུ་ཁུ་ནུ་ (Kinnaur) ནས་མི་མང་པོ་ཞིག་བསླེབས་ཡོད། ཐེངས་འདིར་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པར་ཧ་ཅང་དགའ་པོ་བྱུང་ལ། ང་ཚོས་༧སྐུའི་འཕྲོད་བཞེས་གང་ལེགས་ཡོང་ཆེད་སྨོན་ལམ་ཧ་ཅང་འདེབས་ཀྱི་ཡོད་ལ། ༧མགོན་པོ་མཆོག་དགུང་ལོ་སྟོང་ཕྲག་མང་པོ་བཞུགས་པའི་སྨོན་འདུན་ཞུ་ཡི་ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདིའི་ཐོག་བྱམས་སྙིང་རྗེ་གོང་སྤེལ་གྱི་དགོངས་གཞི་ཁྱབ་སྤེལ་གནང་པར་ང་ཚོས་རྒྱུན་དུ་ལག་བསྟར་ཐུབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ལ། ཐེངས་འདིར་༧སྐུ་ཚེ་ཡུན་དུ་བརྟན་ཆེད་བརྟན་བཞུགས་ཕུལ་མཁན་ཡོངས་ནས་ཀྱང་བྱམས་སྙིང་རྗེ་ལག་བསྟར་གནང་རོགས་ཞུ་”ཞེས་གསུངས་བྱུང་། ཡང་བསོད་ནམས་མཚོ་མོ་ལགས་ཀྱིས་བརྟན་བཞུགས་འདིའི་བརྒྱུད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུས་སོང་།
ཐེངས་འདིའི་བརྟན་བཞུགས་ཐོག་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་རྡོ་རྗེ་སློབ་དཔོན་གནང་ཡོད་ཅིང་། བརྟན་བཞུགས་ཐོག་བརྟན་བཞུགས་བསྟར་འབུལ་ཞུ་མཁན་དང་། ཕྱི་ནང་གི་དད་ལྡན་སེར་སྐྱ་མང་ཚོགས་སྟོང་ཚོ་བརྒལ་བ་བཅར་འདུག
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
