རྒྱ་གར་གྱི་ཚོང་པ་གྲཊ་ཅན་(Ness Wadia) ཡིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས།
པན་ཇབ་ཀིང་ཞེས་པའི་ (IPL Cricket) དབྱུག་རྩེད་རུ་ཁག་གི་ཟུང་སྦྲེལ་ཚོང་བདག་དང་རྒྱ་གར་གྱི་ཚོང་པ་གྲགས་ཅན་ནེསི་ཝ་ཌི་ཡ་ (Ness Wadia) ལགས་ཀྱིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། མཇལ་ཁ་གྲུབ་མཚམས་ནེསི་ཝ་ཌི་ཡ་ (Ness Wadia) ལགས་ཀྱིས། “ཐེངས་འདིའི་མཇལ་ཁ་ནི་ངོ་མཚར་ཅན་ཞིག་བྱུང་། མཇལ་ཁའི་སྐབས་ངས་དེ་སྔ་ཕྱི་ལོ་ ༢༠༡༠ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྡ་སའི་དབྱུག་རྩེད་འགྲན་བསྡུར་གྱི་ཐང་ཆེན་དུ་ཆིབས་བསྒྱུར་བསྐྱངས་སྐབས། རྩེད་རྭའི་ནང་མཉམ་དུ་སྐོར་བ་བསྐྱོན་རྒྱུའི་གོ་སྐབས་བྱུང་བའི་སྐོར་༧གོང་ས་མཆོག་ལ་བསྐྱར་དྲན་ཞུས་ཡིན་ལ། དེ་རིང་ཡང་མཇལ་ཁ་ཐོབ་བྱུང་བས་ཧ་ཅང་བྱིན་རླབས་ཆེན་པོ་བྱུང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་སྐྱེས་བུ་དམིགས་བསལ་ཅན་ཞིག་རེད། ད་རེས་ང་ཚོར་ཐུགས་བརྩེ་བ་ཆེན་པོས་བྱིན་རླབས་བསྩལ་བར་བསྐལ་པ་བཟང་པོ་བྱུང་།” ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ཕྱི་ལོ་ ༢༠༠༥ ལོར་རྡ་རམ་ས་ལར་རྒྱ་གར་གྱི་དབྱུག་རྩེད་རུ་ཁག་གི་དབར་རྩེད་འགྲན་ཚོགས་སྐབས། གདན་ཞུའི་གསོལ་འདེབས་ཞུས་ཡོད་ཀྱང་མཛད་འཕྲིན་གཞན་ཁག་ཅིག་གི་རྒྱུ་མཚན་ལ་བརྟེན་ཆིབས་བསྒྱུར་མཛད་ཐུབ་མེད་ཀྱང་། ཕྱི་ལོ་ ༢༠༡༠ ལོར་པན་ཇབ་ཀིངསི་ ༡༡ (Kings XI Punjab) དང་ ཅེ་ནའེ་སུ་པར་ཀིངསི་ (Chennai Super Kings) གཉིས་དབར་གྱི་རྩེད་འགྲན་སྐབས་དང་། ཕྱི་ལོ་ ༢༠༡༡ ལོར་པན་ཇབ་ཀིངསི་ ༡༡ (Kings XI Punjab) དང་ཌེ་ཀན་ཅར་འཇརསི་ (Deccan Chargers) དབར་གྱི་རྩེད་འགྲན་སྐབས། བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་ (IPL) དབྱུག་རྩེད་འགྲན་བསྡུར་གྱི་ཐང་ཆེན་ (HPCA) དུ་གདན་ཞུས་ལྟར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་མཛད་དེ་རྩེད་འགྲན་པ་དང་སྦྱིན་བདག མ་ཟད་སྐབས་དེར་པཎ་ཇབ་རུ་ཁག་གི་སྦྱིན་བདག་རྒྱ་གར་གྱི་བུད་མེད་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་པྲི་ཏི་ཛིན་ཏ་ལགས་སུ་ཡང་མཇལ་ཁ་བསྩལ་ཡོད་པ་རེད། དེ་མིན་ལོ་ལྟར་ (IPL) དབྱུག་རྩེད་འགྲན་བསྡུར་སྐབས་རྩེད་འགྲན་པ་དང་སྦྱིན་བདག་མང་དག་ཅིག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་ཡི་ཡོད་པ་རེད།

དབྱུག་རྩེད་འགྲན་བསྡུར་གྱི་ཐང་ཆེན་ (HPCA) ཐང་ཆེན་ནི་པན་འཇབ་མངའ་སྡེའི་རྩེད་འགྲན་རུ་ཁག་གི་ཐོབ་ཁུངས་ས་གནས་དང་ཉེ་འཁྲིས་ཡིན་པའི་ཆ་ནས་རྩེད་ཐང་འདིར་རྒྱུན་དུ་རྩེད་འགྲན་མང་དག་ཅིག་འཚོགས་བཞིན་ཡོད་པ་རེད་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་བསྟི་གནས་ཆ་ནས་རྒྱ་གར་ནང་གི་ཡུལ་བསྐོར་སྤྲོ་འཆམ་པ་ཤིན་ཏུ་མང་པོ་འདུས་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།
པར་རིས་སྒྲིག་བཟོ་བ། བཀྲ་དབང་།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
