ཨོསི་ཊརེ་ལི་ཡའི་ཕྱི་སྲིད་ལས་ཁུངས་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་སྐྱོན་བརྗོད་ཀྱིས་དེར་ཚད་མཐོའི་གདོང་ལེན་གནང་རྒྱུ་ཡིན་པ་གསུངས་སོང་།
ཨོསི་ཊརེ་ལི་ཡ་གཞུང་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་འདིས་རྒྱ་ནག་གི་མཐའ་མཚམས་བརྒལ་ཏེ་མི་སྒེར་གྱི་རང་དབང་དང་ཐོབ་ཐང་ལ་དོ་ཕོག་གཏོང་སྲིད་པའི་ཐུགས་འཚབ་གནང་གི་ཡོད་པ་ཨོསི་ཊརེ་ལི་ཡ་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཨོསི་ཊརེ་ལི་ཡའི་ཕྱི་སྲིད་དང་ཚོང་དོན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཨོསི་ཊརེ་ལི་ཡ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེའི་ཐད་ལངས་ཕྱོགས་ཇི་འདྲ་འཛིན་བཞིན་ཡོད་མེད་དང་། ཨོསི་ཊརེ་ལི་ཡའི་ནང་དུ་གནས་སྡོད་བོད་རིགས་རྣམས་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་གཙོ་བོར་གྱུར་བའི་སྲིད་བྱུས་དེས་ཤུགས་རྐྱེན་ཐེབས་སྲིད་མིན་དང་སྲུང་སྐྱོབ་གནང་རྒྱུའི་འདུན་པ་ཇི་ཡོད་སྐོར་བཀའ་འདྲི་ཞུས་པར་ཡིག་ཐོག་ནས་ལན་འདེབས་གནང་པའི་ནང་། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེས་རྒྱལ་མཚམས་བརྒལ་ཏེ་མི་སྒེར་གང་ཞིག་གི་རང་དབང་དང་། ཐོབ་ཐང་ལ་དོ་ཕོག་འགྲོ་སྲིད་པ་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ལ་ཤུགས་རྐྱེན་ཇི་སྙེད་ཅིག་ཐེབས་ཉེན་ཡོད་པའི་ཐད་ཨོསི་ཊརེ་ལི་ཡའི་གཞུང་ལ་ཐུགས་འཚབ་ཡོད་ཅེས་དང་། རྒྱལ་ཁབ་ཀྱི་མི་སེར་ཡིན་མིན་ལ་ལྟོས་མེད་ཨོསི་ཊརེ་ལི་ཡའི་ནང་གནས་སྡོད་བྱེད་མཁན་མི་རིགས་གང་ཞིག་རྒྱལ་ཁབ་ཀྱི་ཁྲིམས་གཞིའི་འོག་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅིང་། ཆབ་སྲིད་ཀྱི་རང་དབང་ལ་རོལ་ཐུབ་ཀྱི་ཡོད། ང་ཚོས་རྒྱ་ནག་དང་མཉམ་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དང་འབྲེལ་བའི་ཐད་ཀར་གླེང་སློང་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་སེམས་ཚབས་ཡོད་པ་གླེང་ཡོད་ཅེས་འཁོད་འདུག
ཨོསི་ཊརེ་ལི་ཡའི་ནང་མཚོན་ན་བོད་མི་ཆབ་སྲིད་བཙོན་པ་དང་། ཆབ་སྲིད་འབྲེལ་ཆགས་པ་བཅས་རྒྱ་ནག་གཞུང་གི་དཀའ་སྡུག་འོག་སྡུག་སྦྱོང་མྱངས་ཏེ་བྲོས་བྱོལ་དུ་ཡོང་མཁན་མང་པོ་གནས་ཡུལ་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རིགས་མཐུན་སྒྲིལ་སྐུལ་སྤེལ་གྱི་ཁྲིམས་དེའི་དོན་ཚན་ ༦༣ ནང་དུ་རྒྱལ་མཚམས་བརྒལ་ནས་སྟངས་འཛིན་བྱེད་པའི་ཆ་རྐྱེན་བསྐྲུན་ཡོད་པས། ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཚོར་ཉེན་ཁ་ཞིག་ཆགས་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།


ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་གིས་སྐྱོན་བརྗོད་གནང་པ།
གཞན་ཡང་གནད་དོན་དེ་འབྲེལ་སྤྱི་མཐུན་ཚོགས་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིནཌ་སེ་གྷརམ་ (Lindsey O. Graham) ལགས་དང་དམངས་གཙོ་ཚོཊ་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཤེལ་ཌོན་ཝཡེཊ་ཧའོསི་ (Sheldon Whitehouse) ལགས་གཉིས་ཀྱིས་ཨ་མ་རི་ཀའི་རྒྱལ་སར་གནས་འཁོད་རྒྱ་ནག་གཞུང་ཚབ་ཁང་ལ་ཕྱག་བྲིས་ཤིག་གནང་སྟེ། ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་ཡིག་དེར་ངོ་རྒོལ་སྐྱོན་བརྗོད་བྱེད་པར་མོས་མཐུན་གྱིས། རྒྱ་ནག་གཞུང་ངོས་ནས་ཁྲིམས་དེ་ཕྱིར་འཐེན་བྱ་དགོས་པ་དང་ཡང་ན་དེར་བསྐྱར་བཅོས་དགོས་པའི་སྐུལ་མ་བཏང་ཡོད་པ་རེད་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དེ་ནི་བོད་མི་རིགས་དང་། ཡུ་གུར་བ་སོགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་པའི་གནོད་ཚབས་ཅན་གྱི་ཁྲིམས་ལུགས་ཤིག་རེད་འདུག་པས། ང་ཚོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་ཡིན་པའི་ཆ་ནས་ཁྲིམས་ཡིག་དེས། ཨ་རིའི་ས་ཐོག་ཏུ་གནས་པའི་མི་སྒེར་དང་བྱིས་པའི་ཐོབ་ཐང་། ཆོས་དད་རང་དབང་སོགས་ལ་རྡོག་རོལ་གཏོང་ཚེ་དེར་གདོང་ལེན་གྱིས་ཐེར་འདོན་བྱ་མཚམས་འཇོག་རྒྱུ་མིན་ཞེས་བཀོད་འདུག མ་ཟད་རྒྱ་ནག་གཞུང་གིས་ཁྲིམས་ལུགས་དེའི་འོག་ནས་སྲིད་བྱུས་གང་ཞིག་སྤེལ་བ་དེར་འགན་འཁྲི་ཡོད་པ་ཞིག་བཟོ་བའི་ཆེད། ཁོང་རྣམ་པ་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་དང་ཁྲིམས་ཡིག་དེ་འབྲེལ་གྲོས་ཚོགས་ལ་སྙན་ཐོ་འགོད་འབུལ་དགོས་པའི་ཁྲིམས་ཡིག་གཏན་འབེབས་བྱེད་བཞིན་ཡོད་ཅེས་བཀོད་འདུག
ཨ་མ་རི་ཀར་གནས་འཁོད་རྒྱ་ནག་གཞུང་ཚབ་ཁང་ལ་ཕྱག་བྲིས་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་ངོ་རྒོལ་གནང་མཁན་གྱི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལིན་སེ་གྷརམ་ (Lindsey O. Graham) ལགས་ནི་ཨ་རིའི་སྤྱི་མཐུན་གཞུང་འཛིན་ཆབ་སྲིད་ཚོགས་པའི་འགོ་ཁྲིད་གལ་ཆེན་ཞིག་ཡིན་ཏེ། ཁོང་ནི་ཕྱི་ལོ་ ༢༠༠༣ ནས་བཟུང་ལྷོ་ཀེ་རོ་ལི་ནའི་ (South Carolina) ཐོབ་ཁུངས་ནས་ཡིན་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བགྲེས་པ་ཞིག་ཡིན་པ་རེད་ལ། ཕྱི་ལོ་ ༡༩༩༥ ནས་ ༢༠༠༣ བར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཡང་གནང་མྱོང་ཡོད་པ་རེད་འདུག ཁོང་གིས་དེ་སྔ་ཨ་རིའི་རྒྱལ་སྲུང་དང་ཕྱི་འབྲེལ་སྲིད་བྱུས། ཁྲིམས་ལུགས་བཅས་ཀྱི་ལས་དོན་གཉེར་བར་བརྟེན་ནས་ཨ་རིའི་ཆབ་སྲིད་མི་སྣ་ཤུགས་རྐྱེན་ལྡན་པ་ཞིག་ཆགས་ཀྱི་ཡོད་པ་རེད།།
མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཞེས་པའི་ཁྲིམས་ཡིག་འདི་རྒྱ་ནག་གཞུང་གིས་ཟླ་ ༣ ཚེས་ ༡༢ ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གཏན་འབེབས་བྱས་པ་དང་། ཟླ་ ༧ ཚེས་ ༡ ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་འདུག་པ་དེར། ཡོ་རོབ་གྲོས་ཚོགས་ནས་ཀྱང་ཁྲིམས་ཡིག་དེས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་གནོད་འཚེ་གཏོང་སྲིད་པ་མ་ཟད། ད་དུང་རྒྱ་ནག་དང་ཡོ་རོབ་མཐུན་ཚོགས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་ཡོང་སྲིད་པའི་ཉེན་བརྡ་བཏང་བ་དང་འབྲེལ་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་ཀྱང་བཞག་ཡོད་པ་རེད།
རྒྱ་ནག་གཞུང་གིས་གཏན་ལ་ཕབ་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཟེར་བ་དེ་ཟླ་ ༧ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ཁྲིམས་འདི་བརྒྱུད་ནས་བོད་མིའི་ཐོབ་ཐང་དང་ངོ་བོ། རིག་གཞུང་ལ་སོགས་པར་དམ་དྲག་དང་། བཙན་ཤེད་ཀྱིས་རྒྱ་འགྱུར་གྱི་སྲིད་ཇུས་སྤེལ་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྐྱོན་བརྗོད་དང་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། བོད་ནང་གི་བོད་མི་ཚོའི་ཁྲོད་དུ་ཡང་གཞུང་ཕྱོགས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་མིང་ཐོག་ནས་ཚོགས་འདུ་དང་སློབ་སྦྱོང་མང་པོ་བཙན་ཤེད་ཀྱིས་སྐོང་ཚོགས་བྱས་པར་སུན་སྣང་བྱེད་ཀྱི་ཡོད་འདུག
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
