མི་རིཊ་མཐུན་སྒྲིལ་གྱི་ཁྲིམས་ཕྱིར་འཐེན་ཡོང་བར་ཤུཊ་སྐྱོན་རོཊ་ཞེས་བོད་དོན་ཞུ་སྐུལ་གནང་པ།

ཨོསི་ཊརེ་ལི་ཡར་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བའི་སྐབས་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་༧སྐུའི་ཡང་སྲིད་ཀྱི་གནད་དོན་གཙོ་བོར་གྱུར་བའི་རྒྱ་ནག་གཞུང་གི་སྲིད་བྱུས་རྣམས་ནི་ལོ་རྒྱུས་ཐོག་ནས་མཐུན་ཐབས་མེད་པ་གསུངས་ཡོད་པ་རེད།

བོད་དོན་ལས་འགུལ་བ་རྣམས་ཀྱིས། ཨོསི་ཊརེ་ལི་ཡའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་དེ་ཕྱིར་འཐེན་ཡོང་བའི་ཞུ་སྐུལ་གནང་བཞིན་འདུག

དེ་ཡང་ཟླ་ ༦ ཚེས་ ༢༩ ནས་འགོ་འཛུགས་ཀྱིས་ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་ (Australia Tibet Council) ཀྱིས་གོ་སྒྲིག་འོག་ཨོསི་ཊརེ་ལི་ཡའི་ནང་བོད་དོན་ཞུ་གཏུག་ (Tibet Lobby Day) གནང་བཞིན་པ་དང་བསྟུན། གཙོ་བོ་ཐེངས་འདིའི་བོད་དོན་ཞུ་སྐུལ་གྱི་ལས་འགུལ་འདིའི་ཐོག་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེ་བཞིན་ཕྱིར་འཐེན་དགོས་པའི་སྐུལ་མ་གནང་བཞིན་ཡོད་སྐོར་གསུང་གི་འདུག

དེ་འབྲེལ་ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་འཛོའི་སྦེཌི་ཧྥོརྜ་ (Zoe Bedford) ལགས་ཀྱིས། ཐེངས་འདིའི་བོད་དོན་ཞུ་གཏུག་ (Tibet Lobby Day) ཉིན་མོར་ང་ཚོས་གཙོ་བོ་ཨོསི་ཊརེ་ལི་ཡའི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་ཀྱིས། མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེས། བོད་ནང་གི་བོད་མི་གཙོ་བོར་གྱུར་བའི་བཙན་བྱོལ་ནང་གི་བོད་མི། ལྷག་པར་དུ་ཨོསི་ཊརེ་ལི་ཡར་གནས་སྡོད་བོད་མི་རྣམས་ཀྱི་སྐད་ཡིག་དང་རིག་གཞུང་། ངོ་བོ། ཆོས་དད་རང་དབང་བཅས་ལ་ཉེན་ཁ་བཟོ་བཞིན་པ་གསལ་སྟོན་གྱིས། ཨོསི་ཊརེ་ལི་ཡའི་ཆབ་སྲིད་པ་ཚོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ (Volker Turk) དང་མཉམ་ལས་ཀྱིས་ཁྲིམས་དེར་སྐྱོན་བརྗོད་དང་། ཕྱིར་འཐེན་དགོས་པ། དེ་བཞིན་ཨོསི་ཊརེ་ལི་ཡའི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་གྱིས་བོད་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བྱེད་བཞིན་པར་ཐེར་འདོན་དང་འགན་འཁུར་དགོས་པའི་འབོད་སྐུལ་ཞུ་རྒྱུ་དེ་ཡིན་ཞེས་གསུང་གི་འདུག

ཨོསི་ཊརེ་ལེ་ཤི་ཡའི་བོད་མི་མང་སྤྱི་འཐུས་སྐལ་བཟང་ཚེ་རིང་ལགས་ཀྱིས། ཁྲིམས་ཡིག་དེས་བོད་ནང་ཙམ་མ་ཟད། ཨོསི་ཊརེ་ལི་ཡའི་ནང་དུའང་རྒྱལ་མཚམས་བརྒལ་བའི་མནར་གཅོད་བྱ་རྒྱུའི་འཆར་གཞི་བྱེད་བཞིན་ཡོད་པས། གནད་དོན་དེར་ཨོསི་ཊརེ་ལི་ཡའི་གཞུང་ངོས་ནས་ཐུགས་འཁུར་བཞེས་དགོས་ཤིང་། ལྷག་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཨོསི་ཊརེ་ལི་ཡའི་གཞུང་གི་ལངས་ཕྱོགས་གསལ་པོ་ཡོད་ཀྱང་། གཞུང་གི་སྲིད་བྱུས་ཤིག་གི་ངོ་བོར་གཏན་འབེབས་དགོས་པའི་ཞུ་སྐུལ་གནང་ཡོད་པ་གསུང་གི་འདུག་ལ། བོད་དོན་ཞུ་སྐུལ་སྐབས་སུའང་གྲོས་ཚོགས་འཐུས་མི་རྣམ་པས་བོད་ཀྱི་གནད་དོན་དེར་རྒྱབ་སྐྱོར་བྱ་འོས་པ་ཞིག་སྣང་བས་ཁོང་རྣམས་ནས་དེར་རྒྱབ་སྐྱོར་ཡོད་པ་གསུང་གི་འདུག་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཨོསི་ཊརེ་ལི་ཡའི་གྲོས་ཚོཊ་གོང་འོག་གི་འཐུས་མི་ཁག་ཅིག་དང་ལྷན། ༢༠༢༦།༦།༢༩
༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་བོད་དོན་ཞུ་གཏུག་ནང་ལྷན་ཞུགས་གནང་པ། ཨོསི་ཊརེ་ལི་ཡའི་གྲོས་ཚོཊ་གོང་འོག་གི་འཐུས་མི་ཁག་ཅིག་དང་ལྷན། ༢༠༢༦།༦།༢༩ (ATC)

བོད་དོན་ཞུ་སྐུལ་གྱི་ཉིན་དང་པོའི་ཐོག་ལས་འགུལ་བ་རྣམས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པ་དེའི་ཐོག ༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་༧སྐུའི་ཡང་སྲིད་ཀྱི་གནད་དོན་གཙོ་བོར་གྱུར་བའི་རྒྱ་ནག་གཞུང་གི་སྲིད་བྱུས་རྣམས་ནི་ལོ་རྒྱུས་ཐོག་ནས་མཐུན་ཐབས་མེད་པ་སོགས་གསུངས་ཡོད་པ་རེད་འདུག་ལ། གསར་འགོད་གསལ་བསྒྲགས་སྐབས་སུ་ཨོསི་ཊརེ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ཌིན་སིམིཐི་ (Dean Smith) ལགས་དང་། གྲོས་ཚོགས་འཐུས་མི་སུ་སཱན་ཊེམ་པལ་མན་ (Susan Templeman) ལགས། གྲོས་ཚོགས་གོང་མའི་འཐུས་མི་སྦར་སྦ་ར་པོ་ཀོག་ (Barbara Pocock) ལགས་ཀྱིས་ལྷན་ཞུགས་གནང་འདུག བོད་དོན་ཞུ་སྐུལ་གྱི་ཉིན་དང་པོའི་ཐོག་ལས་འགུལ་བ་རྣམས་ཀྱིས་ཨོསི་ཊརེ་ལི་ཡའི་གྲོས་ཚགས་འཐུས་མི་ ༢༠ ཙམ་ལ་བོད་དོན་ཞུ་སྐུལ་གནང་འདུག་ཅིང་། མུ་མཐུད་གྲོས་ཚོགས་འཐུས་མི་གཞན་རྣམས་ཐུག་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་རྒྱུ་ཡིན་པ་རེད་འདུག

ཨོསི་ཊརེ་ལི་ཡའི་ཕྱི་སྲིད་དང་ཚོང་དོན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཨོསི་ཊརེ་ལི་ཡ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེའི་ཐད་ལངས་ཕྱོགས་ཇི་འདྲ་འཛིན་བཞིན་ཡོད་མེད་དང་། ཨོསི་ཊརེ་ལི་ཡའི་ནང་དུ་གནས་སྡོད་བོད་རིགས་རྣམས་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་གཙོ་བོར་གྱུར་བའི་སྲིད་བྱུས་དེས་ཤུགས་རྐྱེན་ཐེབས་སྲིད་མིན་དང་སྲུང་སྐྱོབ་གནང་རྒྱུའི་འདུན་པ་ཇི་ཡོད་སྐོར་བཀའ་འདྲི་ཞུས་པར་ཕྱི་ཚེས་ ༢༧ ཉིན་ཡིག་ཐོག་ནས་ལན་འདེབས་གསལ་བཤད་གནང་པའི་ནང་། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེས་རྒྱལ་མཚམས་བརྒལ་ཏེ་མི་སྒེར་གང་ཞིག་གི་རང་དབང་དང་། ཐོབ་ཐང་ལ་དོ་ཕོག་འགྲོ་སྲིད་པ་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ལ་ཤུགས་རྐྱེན་ཇི་སྙེད་ཅིག་ཐེབས་ཉེན་ཡོད་པའི་ཐད་ཨོསི་ཊརེ་ལི་ཡའི་གཞུང་ལ་ཐུགས་འཚབ་ཡོད་ཅེས་དང་། རྒྱལ་ཁབ་ཀྱི་མི་སེར་ཡིན་མིན་ལ་ལྟོས་མེད་ཨོསི་ཊརེ་ལི་ཡའི་ནང་གནས་སྡོད་བྱེད་མཁན་མི་རིགས་གང་ཞིག་རྒྱལ་ཁབ་ཀྱི་ཁྲིམས་གཞིའི་འོག་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅིང་། ཆབ་སྲིད་ཀྱི་རང་དབང་ལ་རོལ་ཐུབ་ཀྱི་ཡོད། ང་ཚོས་རྒྱ་ནག་དང་མཉམ་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དང་འབྲེལ་བའི་ཐད་ཀར་གླེང་སློང་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་སེམས་ཚབས་ཡོད་པ་གླེང་ཡོད་ཅེས་འཁོད་འདུག

གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འདི་ཚེས་ ༢༩ ཉིན་གསར་འགོད་པར་བཀའ་མོལ་གནང་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་ཁང་ཁག་ཆ་ཚང་ལ། ས་གནས་ཀྱི་གཞུང་དང་གྲོས་ཚོགས་འཐུས་མི། གནད་ཡོད་མི་སྣ་སོགས་སུ་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཐོག་ཞུ་གཏུག་གི་ཕྱག་བྲིས་འབུལ་དགོས་པ་མངགས་ཡོད་ཅེས་གསུངས་ཡོད།

རྩ་བའི་ཨོསི་ཊརེ་ལི་ཡའི་ནང་མཚོན་ན་བོད་མི་ཆབ་སྲིད་བཙོན་པ་དང་། ཆབ་སྲིད་འབྲེལ་ཆགས་པ་བཅས་རྒྱ་ནག་གཞུང་གི་དཀའ་སྡུག་འོག་སྡུག་སྦྱོང་མྱངས་ཏེ་བྲོས་བྱོལ་དུ་ཡོང་མཁན་མང་པོ་གནས་ཡུལ་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རིགས་མཐུན་སྒྲིལ་སྐུལ་སྤེལ་གྱི་ཁྲིམས་དེའི་དོན་ཚན་ ༦༣ ནང་དུ་རྒྱལ་མཚམས་བརྒལ་ནས་སྟངས་འཛིན་བྱེད་པའི་ཆ་རྐྱེན་བསྐྲུན་ཡོད་པས། ཕྱི་རྒྱལ་དུ་གནས་སྡོད་བོད་མི་ཚོར་ཉེན་ཁ་ཞིག་ཆགས་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་ (US House Select Committee on China) གི་ཚོགས་གཙོ་འཇོན་མོ་ལེ་ནར་ (John Moolenaar) ལགས།
ཨ་རིའི་སྤྱི་མཐུན་ཚོཊ་པའི་གྲོས་ཚོཊ་འཐུས་མི་ John Moolenar ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་ (US House Select Committee on China) གི་ཚོགས་གཙོ་འཇོན་མོ་ལེ་ནར་ (John Moolenaar) ལགས། (SCC)

ཨ་རིའི་གྲོས་ཚོཊ་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གིས་རྒྱ་ནག་གི་ཁྲིམས་གསར་ལ་སྐྱོན་བརྗོད།

ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་ (US House Select Committee on China) གི་ཚོགས་གཙོ་འཇོན་མོ་ལེ་ནར་ (John Moolenaar) ལགས་ཀྱིས་ཕྱི་ཟླ་ ༦ ཚེས་ ༢༩ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། རྒྱ་ནག་གིས་ཕྱི་ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱེད་རྒྱུའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཞེས་པའི་ཁྲིམས་ལ་སྐྱོན་བརྗོད་གནང་འདུག དེ་ཡང་ཁོང་གིས་གསུངས་དོན་དུ། ཁྲིམས་འདི་ནི་རྒྱ་ནག་དམར་ཤོག་ཚོགས་པའི་གདུག་རྩུབ་དང་དོགས་ཟོན་གྱི་བྱ་སྤྱོད་སྔར་བས་ཇེ་སྡུག་ཏུ་བཏང་བའི་མཚོན་རྟགས་ཤིག་ཡིན། རྒྱ་ནག་གིས་ཁྲིམས་འདི་བེད་སྤྱོད་བཏང་སྟེ་རྒྱ་ནག་མངའ་ཁོངས་ཀྱི་ཕྱི་ཕྱོགས་སུ་གནས་སྡོད་བྱེད་པའི་རྒྱ་ནག་གི་སྲིད་གཞུང་ལ་དགག་པ་བྱེད་མཁན་རྣམས་ལ་མུ་མཐུད་བསུན་གཙེར་དང་འཇིགས་སྐུལ་བྱེད་རྒྱུའི་འཆར་གཞི་བཟུང་ཡོད། མ་ཟད་ཁྲིམས་འདི་བརྒྱུད་ནས་བོད་པ་དང་། ཡུ་གུར་མི་རིགས། ཆོས་ལ་དད་མོས་ཡོད་མཁན་གཞན་ཁག་དང་། གྲངས་ཉུང་མི་རིགས་སུ་དབྱེ་བའི་མི་ཚོར་བརྡབ་གསིག་དང་གཅར་རྡུང་བྱེད་པ་རྣམས་ཁྲིམས་མཐུན་བཟོ་རྒྱུ་ངེས་པ་ཡིན་ཞེས་དང་། ང་ཚོས་གཟའ་འཁོར་འདིར་ཨ་རིའི་རང་བཙན་གི་ལོ་ ༢༥༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་བཞིན་པའི་སྐབས་སུ། རྒྱ་ནག་དམར་ཤོག་ཚོགས་པ་ནི་གོམ་པ་རྒྱབ་བཤིག་བྱེད་ཅིང་། ང་ཚོས་ལོངས་སུ་སྤྱོད་བཞིན་པའི་དཀོན་མཆོག་གིས་གནང་པའི་རང་དབང་གི་ཐོབ་ཐང་ལ་ཁོང་ཚོས་ཡིད་ཆེས་མེད་པ་ཡང་བསྐྱར་གསལ་སྟོན་བྱས་ཡོད། རྒྱ་ནག་དམར་ཤོག་ཚོགས་པས་འཚོལ་སྙེགས་བྱེད་བཞིན་པའི་རྒྱལ་ཡོངས་མཐུན་སྒྲིལ་དངོས་འདི་འགོག་གནོན་ལས་འབྱུང་རྒྱུ་མེད་པར། མི་སེར་རྣམས་རང་དབང་གི་ངང་འཚོ་བ་སྐྱེལ་པ་དང་རང་གི་འདོད་མོས་ལྟར་ཆོས་དད་ལ་འཇུག་བཅུག་པ་ལས་འབྱུང་རྒྱུ་ཡིན་ཞེས་གསུངས་འདུག

ཁ་སྣོན་གསར་འགོད། བཀྲ་དབང་།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།