བསོད་ནམས་གླིང་གི་གཞོན་སྐྱེས་དྭང་བླངས་བ་ཁག་ཅིག་གི་གོ་སྒྲིག་འོག་བཞོན་སྐྱོད་གཅིག་དང་། འབོད་སྒྲ་གཅིག བོད་གཅིག་ཅེས་པའི་མིང་བྱང་འོག་ལ་དྭགས་སླེ་ནས་མཁར་གདོང་ལའི་བར་སྦག་སྦག་གམ་འཕྲུལ་རྟ་སྐོར་སྐྱོད་གནང་སྟེ་བློ་དགའ་རང་བཙན་ལགས་ཀྱི་འབོད་སྐུལ་ལ་རྗེས་དྲན་ཞུས་པ།
དེ་ཡང་མཁར་གདོང་ལ་དེ་བཞིན་འཛམ་གླིང་གི་ས་གཞི་ཆེས་མཐོ་ཤོས་ཀྱི་མོ་ཊོར་རྒྱ་ལམ་ཡིན་པ་དེར་འཕྲུལ་རྟ་སྐོར་སྐྱོད་པ་ཀུན་འབྱོར་མ་ཐག་བློ་དགའ་རང་བཙན་ལགས་ཀྱིས་གཙོས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་ཡོངས་ལ་རྗེས་དྲན་ཞུ་ཆེད་དབུ་སྐྲ་བཞར་གནང་ཞིང་། ཡུལ་སྐོར་སྤྲོ་འཆམ་དུ་ཕེབས་མཁན་ཀུན་ལ་བོད་དོན་དྲིལ་བསྒྲགས་གནང་པ། དེ་བཞིན་བློ་དགའ་རང་བཙན་ལགས་ཀྱི་རེ་འདུན་ཁ་ཆེམས་དང་བོད་དོན་སྐད་འབོད་གནང་སོང་།
ལས་འགུལ་ནང་ཞུགས་མཁན་ཀརྨ་འཛིན་པ་ལགས་ཀྱིས་ཁོང་གི་སྐྲ་བཞར་པའི་སྐབས་གསུངས་དོན་དུ། ང་རང་སྐྲ་དཀར་པོ་ཅན་གྱི་རྒས་པོ་ཞིག་གིས་དེ་འདྲའི་ལས་འགུལ་ནང་མཉམ་ཞུགས་བྱེད་པ་ནི་དུས་ནམ་ཡང་བོད་མི་རྣམས་རྒྱ་མི་ལ་མགོ་སྒུར་རྒྱུ་མིན་པ་དང་བོད་མི་རྣམས་སེམས་ཤུགས་མ་ཆག་ཞུ་རྒྱུ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།ལ་དྭགས་བསོད་ནམས་གླིང་གི་གཞོན་སྐྱེས་ཁག་ཅིག་གིས་བོད་མི་རྣམས་ཀྱིས་ད་ལྟའི་དུས་འདི་དང་དུས་རྒྱུན་དུ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཆེ་ཆུང་དབྱེ་བ་མེད་པ་ཚང་མའི་ནང་མཉམ་ཞུགས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཡང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གཞོན་སྐྱེས་མང་པོ་ཞིག་གིས་བློ་དགའ་རང་བཙན་ལགས་ཀྱི་ཞལ་ཆེམས་སེམས་ནང་བཅང་སྟེ་ཚང་མས་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་པའི་འབོད་སྐུལ་གནང་གི་འདུག
དགུང་ལོ་ ༨༡ ཡིན་པ་རྨོ་རྨོ་བདེ་ཆེན་ལྷ་མོ་ལགས་ཀྱིས་ཕིཊ་ ༡༧༠༠༠ ལྷག་གི་ལྭ་མགོར་ཡོང་རྒྱུ་དེ་བོད་རང་བཙན་གྱི་དོན་དུ་དམིགས་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕྱིར་ཕེབས་ཐུབ་པའི་ཆེད་དམིགས་པ་དང་། ཁོང་རང་ཉིད་ལ་མཚོན་ན་འདིར་སྐྱིད་པོའི་ངང་གནས་ཡོད་ན་ཡང་ཕ་ཡུལ་དུ་བོད་མི་རྣམས་རྒྱ་མིའི་འོག་ཇི་ལྟར་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད་པའི་ཐད་སེམས་འཚབ་ཡོད་པ་གསུངས་བྱུང་།

ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚང་མ་ལྭ་མགོ་ནས་ལ་དྭགས་སླེ་རུ་ཕྱིར་ལོག་གནང་རྗེས་ལ་དྭགས་སྤྱི་ཁྱབ་ལས་ཁུངས་སུ་ལས་འགུལ་མཇུག་སྒྲིལ་གནང་སྐབས་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་དང་། ལོ་རབ་རྒན་པ་མང་པོ་ཞིག་གིས་རེ་སྒུག་གི་ཐུགས་རྗེ་ཆེ་ཞུའི་མཇལ་དར་སྒྲོན་གནང་སོང་།།
པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། འཕྲིན་ལས་ཆོས་སྒྲོན།
པར་རིས་དང་བརྙན་ཐུང་སྒྲིག་སྦྱོར་བ། བཀྲ་དབང་།
