“རྒྱ་གཞུང་གི་མིག་ནང་ཚེར་མ་ལྟར་གྱུར་ཡོད་པ་ནི་བོད་ཀྱི་གཞོན་ལྷན་གྱི་གྲུབ་འབྲས་རེད།”

རྒྱ་ནག་གཞུང་གི་མིག་ནང་གི་ཚེར་མ་ལྟ་བུར་གྱུར་ཡོད་པ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱས་རྗེས་ཡིན་ཞེས་གསུང་གི་འདུག

རྒྱ་ནག་གཞུང་གི་མིག་ནང་གི་ཚེར་མ་ལྟ་བུར་གྱུར་ཡོད་པ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱས་རྗེས་ཡིན་ཞེས་གསུང་གི་འདུག

བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་ནུས་པ་དང་ལྡན་པའི་སྒོ་ནས་ལས་འགུལ་སྤེལ་དགོས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་ནས་ལོ་ངོ་ ༥༦ འཁོར་བའི་དུས་སྟོན་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མིས་གསུང་གི་འདུག

དེ་ཡང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས་གསུངས་དོན་དུ། “ད་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་ཆབ་སྲིད་ཀྱི་ལས་འགུལ་སྣ་མང་སྤེལ་བའི་བརྒྱུད། དགྲ་བོ་རྒྱ་དམར་གྱི་མིག་ནང་གི་ཚེར་མ་ལྟ་བུར་གྱུར་ཡོད་པ་ནི། བོད་ཀྱི་གཞོན་ལྷན་གྱི་གྲུབ་འབྲས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱིས་རེ་བ་གནང་བཞིན་པ་ལྟར། ཚོགས་པའི་ངོས་ནས་རྒྱ་ནག་གིས་བོད་ནང་དུ་སྤེལ་བཞིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་རྣམས་མུ་མཐུད་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཐེར་འདོན་དང་། རྒྱ་ནག་གི་དཔོན་རིགས་སུ་འདྲ་ཞིག་ཕྱི་རྒྱལ་རང་དབང་ལུང་པའི་ནང་སླེབས་རུང་། དེར་ངོ་རྒོལ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་” ཅེས་པའི་བརྡ་ལན་ཞིག་རྒྱ་ནག་གཞུང་ལ་ཉིན་མོ་འདིར་བརྗོད་འདོད་བྱུང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཡང་དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་མཚམས་གཅོད་ལགས་ཀྱིས་གསུངས་དོན་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དོན་ཚན་གཙོ་བོ་བཞི་ཡོད་པ་དེ་དག་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ་དང་། ཆོལ་གསུམ་མཐུན་སྒྲིལ་ལ་རམ་འདེགས། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན། དེ་བཞིན་བོད་རང་བཙན་ཐོག་བློས་གཏོང་ཡོད་ཚད་བྱ་རྒྱུ་བཅས་ཡིན་པ་དེ་གཞིར་བཞག་གིས། ད་བར་རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ལ་དོ་ཕོག་གི་ཐབས་བྱུས་སྣ་མང་བསྟེན་ཡང་། དེ་ལམ་ལྷོང་དུ་འགྲོ་མི་སྲིད་ལ། ང་ཚོའི་ངོས་ནས་མུ་མཐུད་བོད་དོན་འཐབ་རྩོད་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡོད་” ཅེས་གསུང་གི་འདུག

དེ་སྔ་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་རྫོགས་པ་བཙན་བཟུང་བྱས་ཏེ། བོད་ཀྱི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་བོད་མི་སྟོང་ཕྲག་མང་པོ་རྒྱ་གར་ནང་བཙན་བྱོལ་བྲོས་བྱོལ་དུ་ཕེབས་པའི་རྗེས། བཙན་བྱོལ་ནང་བོད་མི་ཚོས་རང་ཉིད་ཀྱི་རང་དབང་སླར་གསོའི་ཆེད་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ཀྱང་མང་དག་ཅིག་གསར་འཛུགས་ཀྱིས་བོད་དོན་དང་འབྲེལ་བའི་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་པའི་ཁྲོད། ཕྱི་ལོ་ ༡༩༧༠ ཟླ་ ༡༠ ཚེས ༧ ཉིན་བོད་པའི་གཞོན་སྐྱེས་ཁག་ཅིག་གིས་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་བཞིན་གསར་བཙུགས་གནང་བ་ཞིག་ཆགས་ཀྱི་འདུག་ལ། ད་ལྟའི་ཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་ས་གནས་ ༨༩ ནང་ཚོགས་མི་ ༣༨༠༠༠ ལྷག་ཡོད་པ་རེད་འདུག

རྩ་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་འདི་ལོར་རྒྱ་ནག་གཞུང་གིས་བོད་ནང་དུ་སྤེལ་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞྭ་མོ་ནག་པོ་ལས་འགུལ་གཙོར་བྱེད་པའི་ངོ་རྒོལ་ལས་འགུལ་གཞན་ཁག་ཅིག་དང་། དེ་རྗེས་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་དང་། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལག་བསྟར་བྱས་འགོ་བཙུགས་སྐབས། འཛམ་གླིང་ས་ཕྱོགས་གང་སར་གཅིག་རྗེས་གཉིས་མཐུད་ཀྱིས་ངོ་རྒོལ་ལས་འགུལ་དང་རྒྱུན་མཐུད་ཟས་བཅད་ངོ་རྒོལ་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། ཉེ་ལམ་ཟླ་ ༩ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་དང་ཨ་རི་གཉིས་སུ་བསྐྱོད་སྐབས་སུའང་མངོན་གསལ་དོད་པོས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཡོད་པ་རེད།།

པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།