ལྷ་སར་རི་ལིའི་འགྲིམ་འགྲུལ།
2012.05.08

༄༅༎རྒྱ་ནག་གི་ཁེ་གཉེར་ལས་ཁང་ཞིག་གིས་ཞིབ་འཇུག་གྲུབ་ཐོག་ཞིག་བཏོན་པར་གཞིགས་ན་ཕྱི་ལོ་༢༠༠༦ལོར་གོར་མོ་ནས་ལྷ་ས་བར་གྱི་རི་ལིའི་ལྕགས་ལམ་སྒོ་དབྱེ་ཟིན་པ་ནས་ད་བར་དེའི་ཐོག་མི་གྲངས་ས་ཡ་ ༤༩ ཙམ་གྱིས་འགྲིམ་འགྲུལ་བྱས་ཡོད་པ་བཀོད་འདུག
དེ་ཡང་ཟི་ལིང་དུ་གཏེན་གཞི་བྱེད་པའི་མཚོ་སྔོན་བོད་རི་ལིའི་ཁེ་གཉེར་ལས་ཁང་གི་མགྲིན་ཚབ་པ་ཞིག་གིས་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་ལ་གོར་མོ་ནས་ལྷ་ས་བར་གྱི་རི་ལིའི་ལྕགས་ལམ་དེའི་ཐོག་འགྲིམ་འགྲུལ་བྱེད་མཁན་ལོ་ལྟར་བརྒྱ་ཆ་བཅུ་མ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་འགྲེལ་བརྗོད་བྱས་འདུག།
མཚོ་སྔོན་བོད་རི་ལིའི་ཁེ་གཉེར་ལས་ཁང་གིས་བཏོན་པའི་སྙན་ཐོ་དེའི་ནང༌། ཕྱི་ལོ་ ༢༠༡༡ ལོ་གཅིག་པུའི་ནང་རི་ལིའི་ལྕགས་ལམ་དེ་བརྒྱུད་བོད་ནང་དང་།བོད་ཀྱི་ཕྱི་ལོགས་སུ་དངོས་རྫས་དོ་པོ་ཊན་ས་ཡ་ ༤༠ ཙམ་འོར་འདྲེན་བྱས་ཡོད་ལུགས་བཀོད་ཡོད་ན་ཡང༌། འོར་འདྲེན་བྱས་པའི་དངོས་རྫས་དེ་དག་གང་ཡིན་གསལ་བཀོད་བྱས་མེད་ཀྱང༌། གནད་དོན་དབྱེ་ཞིབ་པ་ཚོས་དངོས་རྫས་དེ་དག་མང་ཆེ་བ་བོད་ནས་བཏོན་པའི་གཏེར་ཁ་འོར་འདྲེན་བྱས་པ་ཡིན་ལུགས་བརྗོད་བཞིན་ཡོད་པ་རེད།།