ཚད་རྡུལ་གྱི་གནས་བབ་གསར་པ་དང་སྤྱིར་བཏང་མིན་པའི་གཤེར་གཟུགས་སོགས་ཀྱི་ཐོག་བགྲོ་གླེང་།

2018-11-02
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་དང་རྒྱ་རིགས་ཚན་རིག་མཁས་པ་ཚོའི་དབར་ཚད་རྡུལ་གྱི་གནས་བབ་གསར་པ་དང་སྤྱིར་བཏང་མིན་པའི་གཤེར་གཟུགས་སོགས་ཀྱི་ཐོག་བགྲོ་གླེང་།
༧གོང་ས་མཆོག་དང་རྒྱ་རིགས་ཚན་རིག་མཁས་པ་ཚོའི་དབར་ཚད་རྡུལ་གྱི་གནས་བབ་གསར་པ་དང་སྤྱིར་བཏང་མིན་པའི་གཤེར་གཟུགས་སོགས་ཀྱི་ཐོག་བགྲོ་གླེང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅། །ཕྱི་ཟླ་ ༡༡ ཚེས་ ༢ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་རིགས་ཚན་རིག་མཁས་པ་ཚོའི་དབར་གྱི་བགྲོ་གླེང་ཉིན་གཉིས་པར། ཚད་རྡུལ་གྱི་གནས་བབ་གསར་པ་དང་ སྤྱིར་བཏང་མིན་པའི་གཤེར་གཟུགས་སོགས་ཀྱི་ཐོག་བགྲོ་གླེང་གནང་ཡོད་པ་དང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚད་རྡུལ་དངོས་ཁམས་རིག་པ་ལ་སེམས་གཏིང་ནས་ངེས་པ་ཐོབ་ཚོར་ཆགས་སྡང་གི་བློ་ཨ་འཐས་ཀྱི་འཛིན་པ་དེ་ཤུགས་ཆུང་བ་ཡོད་སྲིད་པའི་སྐོར་བཀའ་གནང་ཞིང་། ཡང་ཚད་རྡུལ་གྱི་གསར་ཐོན་སྣང་ཚུལ་སྐོར་ངོ་སྤྲོད་གནང་མཁན་ཚན་རིག་མཁས་པ་ལི་ཏིན་གོ་ལགས་ཀྱིས། སྤྱིར་བཏང་ཁོང་རང་ནང་ཆོས་སྐོར་ཡག་པོ་ཤེས་ཀྱི་མེད་ནའང་། ནང་ཆོས་དང་ཚན་རིག་པའི་དབར་ལྟ་སྟངས་འདྲ་པོ་མང་པོ་ཡོད་པ་ཐེངས་འདིའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་གསལ་བཤད་གནང་པ་དང་། ད་དུང་ཁོང་གིས་བགྲོ་གླེང་བརྒྱུད་སོ་སོས་དེ་སྔ་མ་ཤེས་པ་མང་པོ་ཤེས་པ་མ་ཟད། གསར་དུ་ཤེས་པའི་ནང་ཆོས་ཀྱི་སྐོར་དེ་ཚོར་ཁོང་ལ་ངོ་མཚར་དང་ཡ་མཚན་ཆེན་པོ་བྱུང་བ་གསུངས་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཤར་ཕྱོགས་པ་ནང་པའི་ལྟ་གྲུབ་སྨྲ་བ་ཚོས་གཞི་དངོས་པོའི་གནས་ལུགས་ལ་དཔྱད་པ་བྱེད་པའི་སྐབས། གཙོ་བོ་ཤེས་བྱ་མཐའ་དག་གཟུགས་དང་ཤེས་པ་ལྡན་མིན་འདུ་བྱེད་གསུམ་དུ་དབྱེ་ནས་དངོས་པོ་སོ་སོའི་ངོ་བོ་ངོས་བཟུང་ཐབས་བྱེད་ཀྱི་ཡོད་པ་དེའི་ཐོག་ནས་བཤད་ན་ཚད་རྡུལ་རིག་པ་བ་ཚོ་དང་མི་འདྲ་བ་ཡིན་ཞིང་། གང་ཡིན་ཞེས་ན་ཚད་རྡུལ་རིག་པ་བ་ཚོས་དཔྱད་པ་བྱ་ཡུལ་ནི་ཕྱི་དངོས་པོའི་གནས་ལུགས་ཁོ་ནའི་ཐོག་ཡིན་པའི་དགོངས་ཚུལ་གསུངས་ཡོད་པ་རེད། །
གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།