བོད་ཀྱི་ཁོར་ཡུག་ཚོགས་འདུ་ཐེངས་བཞི་པ་ཐེའི་ལཎ་ཌའི་རྒྱལ་ས་བྷན་ཀོག་ནང་འཚོགས་འདུག

2023.11.27
བོད་ཀྱི་ཁོར་ཡུག་ཚོགས་འདུ་ཐེངས་བཞི་པ་ཐེའི་ལཎ་ཌའི་རྒྱལ་ས་བྷན་ཀོག་ནང་འཚོགས་འདུག བོད་ཀྱི་ཁོར་ཡུག་ཚོགས་འདུ་ཐེངས་བཞིན་པའི་ཐོག་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བོད་ཀྱི་ཀོར་ཡུག་སྤྱི་ཡོངས་ཀྱི་གལ་གནད་སྐོར་གསུང་བཤད་གནང་ཡོད་པ།
Photo: RFA

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཐེའི་ལཎ་ཌ་རྒྱལ་ཁབ་ཀྱི་ཆུ་ལ་ལོང་ཀོན་གཙུག་ལག་སློབ་ཆེན་གྱི་སྤྱི་ཚོགས་ཉམས་ཞིབ་ཁང་མཉམ་རུབ་ཀྱིས། ཐེའི་ལཎ་ཌའི་རྒྱལ་ས་བྷན་ཀོག་གི་ཆུ་ལ་ལོང་ཀོན་གཙུག་ལག་སློབ་ཆེན་དུ་བོད་ཀྱི་ཁོར་ཡུག་ཚོགས་འདུ་ཐེངས་༤ པ་དེ་སྤྱི་ཟླ་༡༡པའི་ཚེས་༢༧ནས་༢༨ཉིན་མ་གཉིས་རིང་འཚོགས་བཞིན་ཡོད་པ་དང་། ཚོགས་འདུ་དབུ་འབྱེད་དུ་སྐུ་མགྲོན་གཙོ་བོ་ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། བོད་ནང་གཏེར་ཁ་བསྔོག་འདོན་དང་ཁོར་ཡུག་ལ་གཏོར་སྐྱོན་ཚད་མེད་གཏོང་བཞིན་པ་དང་། བོད་ཀྱི་གཙང་བོ་ཆེ་ཁག་ལ་ཚད་ལས་བརྒལ་བའི་ཆུ་གློག་འཛུགས་སྐྲུན་བྱེད་བཞིན་པ་སོགས་ཀྱིས། ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ནང་འཐུང་ཆུ་དཀོན་པོ་དང་ཆུ་ལོག་འབྱུང་བ། ཐན་པ་ཡོང་བ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ངེས་ཡིན་པར་བརྟེན། བོད་ཀྱི་གཙང་བོ་ཆེ་ཁག་ཐོག་རྒྱ་ནག་གི་དབང་ཤུགས་ཀྱིས་ཁ་ལོ་བསྒྱུར་བའི་ཆུ་གློག་འཛུགས་སྐྲུན་གྱི་སྲིད་ཇུས་མཚམས་འཇོག་བྱ་དགོས་ཞེས་ནན་གསུང་གནང་གི་འདུག
ང་ཚོ་ཚང་མས་རྒྱ་ནག་གཞུང་གིས་འབྲེལ་ཡོད་དང་འདབས་འབྲེལ་གྱི་རྒྱལ་ཁབ་ཚོར། རྒྱ་ནག་གི་ཆུ་གློག་འཛུགས་སྐྲུན་གྱི་ལས་འཆར་དང་འབྲེལ་བའི་གནས་ཚུལ་ཁག་ངེས་པར་དུ་མཁོ་སྤྲོད་བྱ་དགོས་ཞེས་རྒྱ་ནག་གཞུང་ལ་ནན་སྐུལ་བྱ་དགོས་པ་ཞིག་དང་། བོད་ཀྱི་གཙང་བོ་ཆེ་ཁག་ཐོག་རྒྱ་ནག་གི་དབང་ཤུགས་ཀྱིས་ཁ་ལོ་བསྒྱུར་བའི་ཆུ་གློག་འཛུགས་སྐྲུན་གྱི་སྲིད་ཇུས་མཚམས་འཇོག་བྱ་དགོས་པ་མ་ཟད། རྒྱ་ནག་གིས་བོད་ཀྱི་གཙང་བོ་ཆེ་འདྲ་མིན་ཐོག་ཆུ་གློག་འཛུགས་སྐྲུན་འབོར་ཆེན་བྱེད་བཞིན་པ་དེ། བོད་ཙམ་མ་ཟད་རྒྱ་ནག་སྐམ་ས་རང་ལའང་གོད་ཆག་ཧ་ཅང་ཚབས་ཆེན་ཞིག་ཆགས་ཡོད་ཅེས་གསལ་སྟོན་གནང་ཡོད་པ་རེད།

DSC00409-scaled.jpg
ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ནས་ཀྱང་། བོད་ཀྱི་གཙང་ཆུ་ཁག་གིས་ཨེ་ཤེ་ཡའི་ཡུལ་ལུང་འདྲ་མིན་གྱི་མི་འབོར་ཐེར་འབུམ་བརྒལ་བར་འཐུང་ཆུ་མཁོ་སྤྲོད་གནང་གི་ཡོད་པས། བོད་ཀྱི་གཙང་བོ་ཁག་ལ་རྒྱལ་སྤྱིའི་ཁྱོན་ནས་སྲུང་སྐྱོབ་གནང་དགོས་པའི་འབོད་སྐུལ་གནང་གི་འདུག
བོད་ནས་བཞུར་བའི་གཙང་བོ་ཆེ་ཁག་གིས་ཨེ་ཤེ་ཡའི་གླིང་ཆེན་དུ་མི་འབོར་ཐེར་འབུམ་བརྒལ་བ་ལ་འཐུང་ཆུ་གཙང་མ་མཁོ་སྤྲོད་གནང་གི་ཡོད་ནའང་། ཆུ་གློག་འཛུགས་སྐྲུན་དང་ཁོར་ཡུག་གཏོར་སྐྱོན། གནམ་གཤིས་འགྱུར་ལྡོག་དང་འབག་བཙོག་སོགས་ཀྱིས་བོད་ནས་ཡོང་བའི་འཐུང་ཆུར་དཀའ་ངལ་འཕྲད་ཀྱི་ཡོད་པས། བོད་ཀྱི་གཙང་ཆུ་ཁག་ལ་རྒྱལ་སྤྱི་ཁྱོན་ཡོངས་ནས་དོ་གལ་དང་སྲུང་སྐྱོབ་གནང་རྒྱུ་ཧ་ཅང་གནད་འགག་ཆགས་ཡོད་པ་དང་། ཉིན་མ་གཉིས་རིང་གི་ཚོགས་འདུ་འདི་བརྒྱུད་ནས་བོད་ཀྱི་གཙང་བོ་ཁག་ལ་བདག་སྐྱོང་བྱེད་པ་ནི། རྒྱལ་སྤྱིའི་ཐུན་མོང་གི་ཐོན་ཁུངས་གལ་ཆེན་ཞིག་ཡིན་པ་བསེད་དཀྲོལ་གནང་གི་ཡོད་པ་གསལ་སྟོན་གནང་ཡོད་ཅིང་། ཡང་ཐེའི་ལཎ་ཌའི་ཆུ་ལ་ལོང་ཀོན་གཙུག་ལག་སློབ་ཆེན་གྱི་སྤྱི་ཚོགས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ། འབུམ་རམས་པ་Dr་Sayamol་Charoenratanaལགས་ནས་ཀྱང་། གཙང་ཆུ་འབག་བཙོག་དང་ཆུ་རྒྱུན་ཇེ་ཆུང་དུ་འགྲོ་བ་སོགས་ཀྱིས་ད་ལྟ་ནས་མིའི་འཚོ་ཐབས་ལ་དཀའ་ཉེན་ཆེན་པོ་བཟོ་བཞིན་པའི་ཁར། འབྱུང་འགྱུར་ཨེ་ཤེ་ཡའི་ནང་མི་འབོར་རྦད་དེ་ཇེ་མང་དུ་འཕེལ་ངེས་ཡིན་པས། ལྷོ་ཤར་ཨེ་ཤེ་ཡའི་གཙང་བོ་ཆེ་ཁག་ལ་བདག་སྐྱོང་ཡག་པོ་མ་བྱས་ན་མི་འབོར་ཐེར་འབུམ་བརྒལ་བའི་འཕྲོད་བསྟེན་དང་འཚོ་ཐབས་ལ་དཀའ་ཉེན་ཡོང་ངེས་རེད་ཅེས་གསལ་སྟོན་གནང་འདུག
ལྷོ་ཤར་ཨེ་ཤེ་ཡའི་ནང་བོད་ནས་བཞུར་པའི་གཙང་པོ་མང་ཆེ་བར་ཆུ་གློག་འཛུགས་སྐྲུན་དང་གཏེར་བསྔོག ཁོར་ཡུག་ཉམས་རྒུད་བཅས་ལ་བརྟེན་ནས་གཙང་ཆུར་རྫས་འགྱུར་སྣ་ཚོགས་ཀྱི་འབག་བཙོག་ཤོར་ཏེ། གཙང་ཆུ་དེ་རིགས་ཀྱིས་སེམས་ཅན་གསོ་ཚགས་དང་ཞིང་ཁ་འདེབས་ལས་སོགས་གང་བྱས་ཀྱིས་མིའི་འཕྲོད་བསྟེན་ལ་གནོད་འཚེ་ཚབས་ཆེན་བཟོ་བཞིན་པ་དང་མཚུངས། འབྱུང་འགྱུར་ས་གནས་དེ་ཁུལ་དུ་མི་འབོར་ལྡབ་འགྱུར་གྱིས་འཕེལ་རྒྱས་ཕྱིན་ཏེ་གཙང་བོ་དང་འཐུང་ཆུ་དགོས་མཁོ་ཇེ་ཆེར་འགྲོ་རྒྱུ་ཡིན་པས་ན། ཐུན་མོང་གི་ཁེ་ཕན་ཆེད་ད་ལྟ་ནས་སྒྲིག་འཛུགས་དང་འཆར་གཞི་ལྡན་པའི་སྒོ་ནས་གཙང་བོ་ཆེ་ཁག་ལ་སྲུང་སྐྱོབ་མ་བྱེད་ཚེ། ལྷོ་ཤར་ཨེ་ཤེ་ཡ་སྤྱི་དང་ཁྱད་པར་བོད་ཙམ་མ་ཟད་རྒྱ་གར་དང་པ་ཀི་སི་ཐན། བྷང་ལ་དེཤ་སོགས་གང་ས་ལ་མིའི་འཕྲོད་བསྟེན་དང་འཚོ་ཐབས་ཐོག་དཀའ་ཉེན་ཆེན་པོ་ཡོང་གི་རེད་ཅེས་གསལ་སྟོན་གནང་འདུག
རྒྱ་ནག་གཞུང་གིས་བོད་ནང་ཆུ་གློག་ས་ཚིགས་ཧ་ཅང་མང་པོ་བརྒྱབ་བཞིན་པ་ནི། རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ནང་སྤྱི་ལོ་༢༠༡༦ནས་༢༠༡༩བར་མཚོ་སྔོན་ཞིང་ཆེན་གཅིག་པུའི་ནང་། རྨ་ཆུའི་འགྲམ་རྒྱུད་དུ་ཆུ་རག་ཆེ་ཆུང་༡༢གསར་སྐྲུན་དང་འབྲེལ་ཏེ། གྲོང་སྡེ་ཆེ་ཆུང་༡༡༤དང་ཡུལ་མི་དྲུག་ཁྲི་བརྒལ་བ་གནས་སྤོས་བྱས་ལུགས་ཐོན་ཡོད་ཅིང་། བོད་ནི་ཨེ་ཤེ་ཡ་གླིང་ཆེན་གྱི་ཆུ་མཛོད་ཡིན་ཟེར་བའི་བརྗོད་གཞི་དང་འབྲེལ་ཏེ་ཐེའི་ལཎ་ཌའི་ནང་འཚོགས་པའི་བོད་ཀྱི་ཁོར་ཡུག་ཚོགས་འདུ་ཐེངས་བཞི་པ་དེར། ལྷོ་ཤར་ཨེ་ཤེ་ཡའི་ཁོར་ཡུག་དང་འབྲེལ་བའི་རིགས་གཅིག་རྐང་འཛིན་པ་དང་། ཁོར་ཡུག་ལས་འགུལ་པ། ཚན་རིག་པ་དང་སྲིད་ཇུས་འཆར་འགོད་པ་སོགས་མང་དག་ཅིག་འཛོམས་གནང་ཡོད་པར་བརྟེན། ཚོགས་འདུ་བརྒྱུད་ནས་བོད་དེ་བཞིན་ཨེ་ཤེ་ཡའི་ཆུ་མཛོད་ཡིན་པའི་ངོས་ལེན་ཡོང་རྒྱུ་དང་། བོད་ཀྱི་གཙང་བོ་ཁག་སྲུང་སྐྱོབ་སླད་གཙང་ཆེན་ཁག་འབབ་ཡུལ་གྱི་ས་བབས་དམའ་བའི་རྒྱལ་ཁབ་ཕན་ཚུན་དབར་བསམ་ཚུལ་བརྗེ་རེས་ཀྱིས་དཔྱད་གཞིའི་སྲིད་ཇུས་སྙན་ཐོ་འདོན་སྤེལ་བྱ་རྒྱུ་བཅས་ལ་དམིགས་ཡོད་པ་རེད།།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་མཆོག་གིས་དགེ་འདུན་པ་ ༦༠ ལྷག་ལ་དགེ་སློང་གི་སྡོམ་པ་འབོགས་འཇོག་མཛད་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་པོ་སྟོད་ཁུལ་གྱི་དགེ་འདུན་པ་དང་མང་ཚོགས་འཛིན་བཟུང་བྱས་པ་ཁག་ལ་འདྲི་རྩད་བྱེད་འགོ་བཙུགས་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎