ཇོ་མོ་གླང་མར་ཐོན་གསར་དྲ་ལམ་གཏོང་ལེན་འཕྲུལ་ཆས་བཙུགས་པས་གསང་བ་བརྐུ་འཁྱེར་སོགས་ཀྱི་ཉེན་ཁ་ཡོད་འདུག

2020-05-13
གློག་འཕྲིན།
མཆན།
Share
པར་བཀོད།
བལ་བོད་ས་མཚམས་སུ་ཡོད་པའི་རི་བོ་ཇོ་མོ་གླང་མ།
བལ་བོད་ས་མཚམས་སུ་ཡོད་པའི་རི་བོ་ཇོ་མོ་གླང་མ།
པར། མཁོ་གཏོང་གནང་བ།

རྒྱ་ནག་གཞུང་གིས་རི་བོ་ཇོ་མོ་གླང་མར་(5G)་དྲ་ལམ་གཏོང་ལེན་འཕྲུལ་ཆས་བཙུགས་པ་དེས་ས་མཚམས་སུ་མཚོན་ཆ་དབོར་འགྲེམས་དང་ཉུལ་ཞིབ་རྒྱལ་ཁབ་གཞན་གྱི་གསང་བ་བརྐུ་འཁྱེར་སོགས་ཡོང་རྒྱུ་ཡིན་པ་མཁས་པ་དང་གནད་དོན་དབྱེ་ཞིབ་པར་བསམ་ཚུལ་ཡོང་བཞིན་འདུག
རྒྱ་ནག་གཞུང་གིས་རོ་བོ་ཇོ་མོ་གླང་མར་(5G)་དྲ་ལམ་གཏོང་ལེན་འཕྲུལ་ཆས་བཙུགས་པ་དེས་ས་མཚམས་སུ་མཚོན་ཆ་དབོར་འགྲེམས་དང་ཉུལ་ཞིབ་རྒྱལ་ཁབ་གཞན་གྱི་གསང་བ་བརྐུ་འཁྱེར་སོགས་ཡོང་རྒྱུ་ཡིན་པ་རྒྱ་གར་གྱི་མཁས་པ་དང་གནད་དོན་དབྱེ་ཞིབ་པར་བསམ་ཚུལ་ཡོང་བཞིན་འདུག
ཉེ་ལམ་རྒྱ་ནག་གཞུང་གིས་ཚད་མཐོའི་སྐུད་མེད་དྲ་ལམ་ཐོན་རབས་ལྔ་པའི་གཏོང་ལེན་འཕྲུལ་ཆས་ཤིག བོད་དང་བལ་ཡུལ་རྒྱལ་ཁབ་ཀྱི་ས་མཚམས་སུ་ཆགས་པ། འཛམ་གླིང་ཡང་རྩེ་ཇོ་མོ་གླང་མར་བཙུགས་ཡོད་པ་དེ། རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་༦༥༠༠་ཙམ་གྱི་ཇོ་མོ་གླང་མའི་སྒར་ས་རུ་ཆགས་ཡོད་ལ། ས་ཚིགས་དེ་ནས་ལོ་འདིའི་སྤྱི་ཟླ་༤་པའི་ཚེས་༣༠་ནས་ལས་དོན་འགོ་འཛུགས་བྱས་ཡོད་པ་དེ། དམག་དོན་འཐབ་བྱུས་ཀྱི་ཐོག་ནས་ཧ་ཅང་གལ་ཆེན་ཆགས་ཡོད་པས། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གྱིས་དོ་སྣང་དང་སེམས་ཁྲལ་ཡོང་གི་ཡོད་པ་མ་ཟད། རྒྱ་གར་གྱིས་ཐབས་ཤེས་གང་དྲག་གནང་གི་ཡོད་ནའང་གཞི་རྩའི་དཀའ་ངལ་ཅིག་ནི་རྒྱ་ནག་གིས་ཐོན་རྫས་སྣ་ཚོགས་ཕྱིར་གཏོང་དང་འབྲེལ། རྒྱལ་ཁབ་མཐོང་ཚད་ཀྱི་འབྲེལ་མཐུད་དྲ་ལམ་དུ་སིམ་འཛུལ་བྱེད་བཞིན་པ་རེད་ཅེས་རྒྱ་གར་གྱི་དྲ་རྒྱའི་སྤྱི་ཚོགས་ཀྱི་ཟུང་འབྲེལ་དྲུང་ཆེ་(SN Ravichandran)་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
ད་དུང་ཁོང་གིས་རྒྱ་གར་དང་བལ་ཡུལ་གཉིས་ཀྱིས་བདེ་སྲུང་དང་འབྲེལ་ཏེ་སེམས་ཁྲལ་ཆེན་པོ་བྱེད་དགོས་ངེས་ཤིག་ཆགས་ཡོད་པ་ནི། ས་མཚམས་ཀྱི་མི་མང་དང་དམག་སྒར་གྱི་ལས་བྱེད་པ། ས་མཚམས་ལྟ་སྲུང་བ་དང་དམག་སྒར་གྱི་ལྟེ་བའི་ལས་ཁུངས་བཅས་ཡིན་ན། གང་ལྟར་ཕན་ཚུན་བར་འབྲེལ་མཐུད་ཁ་བརྡ་དང་བརྡ་ལན་ཕུལ་བ། འཆར་གཞི་འདིངས་བ་ཁག་ནས་དམག་དཔུང་གི་འགུལ་བསྐྱོད་དང་གནམ་གྲུའི་འགུལ་བསྐྱོད་སོགས་ཡོངས་སུ་རྫོགས་པར། ཐོན་རབས་ལྔ་བའི་དྲ་རྒྱ་ལ་བརྟེན་ནས་མྱུལ་ཞིབ་བྱེད་ཐུབ་པའི་ཁར། དགོས་གལ་བྱུང་ན་འཕྲུལ་རིག་དེས་ས་མཚམས་ཁུལ་གྱི་བརྡ་འཕྲིན་གྱི་འབྲེལ་ལམ་ཆ་ཚང་བཀག་འགོག་ཀྱང་བྱེད་ཐུབ་པ་སོགས་འགྲེལ་བརྗོད་གནང་གི་འདུག
ཡང་གནད་དོན་དེའི་ཐོག་བཞུགས་སྒར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས་རྩོམ་ཡིག་ཅིག་སྤེལ་ཡོད་ཅིང་། ཁོང་གིས་རྒྱ་ནག་གཞུང་ནས་ཚད་མཐོའི་དྲ་ལམ་དེ་ཇོ་མོ་གླང་མར་འཛུགས་དོན་ནི། ས་མཚམས་ཁག་ཏུ་མཚོན་ཆ་དབོར་འདྲེན་སྟབས་ཇེ་བདེ་རུ་གཏོང་བ་དང་སྤྲོ་འཆམ་པ་སོགས་ལ་ཉུལ་ཞིབ་དམ་དྲག་བྱེད་པ། གསང་བ་བརྐུ་འཁྱེར་བཅས་ལ་ཁྱད་པར་ཆེན་པོ་བཟོ་བཞིན་ཡོད་པས། ཁྱིམ་མཚེས་རྒྱལ་ཁབ་ཚོ་རྒྱ་ནག་ལ་དོགས་པ་ལངས་གཞི་ཆགས་ཡོད་པའི་ཐོག ད་ཆ་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་སྐབས་འདིར་ཡང་དམིགས་ཡུལ་ངེས་ཅན་ཞིག་བཟུང་སྟེ། སྐུ་མེད་དྲ་ལམ་འདི་བཙུགས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་གནད་དོན་དེའི་ཐད་འདི་ག་གསར་ཁང་གིས་བལ་ཡུལ་རྒྱལ་ཁབ་ནང་གི་བལ་ཡུལ་གྱི་ཆ་འཕྲིན་བདེ་སྲུང་གི་ལན་འདེབས་ཚོགས་ཆུང་ལ་འབྲེལ་བ་བྱས་ཀྱང་ལན་འདེབས་གང་ཡང་གནང་གི་མི་འདུག
རྒྱ་ནག་གི་ཐོན་རབས་ལྔ་པའི་སྐུ་མེད་དྲ་ལམ་ནི་ཡོངས་གྲགས་འཛམ་གླིང་འདིར་དྲ་ལམ་ཤུགས་ཚད་མཐོ་ཤོས་དེ་ཆགས་ཡོད་པ་མ་ཟད། དྲ་ལམ་མྱུར་པོ་དང་དྲ་རྒྱའི་ནུས་པ་ཆེ་བ། རྒྱུ་སྤུས་ཧ་ཅང་ལེགས་པའི་དྲ་འབྲེལ་ལྷན་ཚོགས་སོགས་གནང་ཐུབ་ཀྱི་ཡོད་མོད། རྒྱ་ནག་གི་ཧའ་ཝེ་བཟོ་ཚོང་ཁང་གིས་བཟོས་པའི་དྲ་ལམ་དེ་ནི་རྒྱ་ནག་དམར་པོའི་གཞུང་དང་ལག་འབྲེལ་གྱིས། རྒྱལ་ཁབ་གཞན་གྱི་གསང་བ་བརྐུས་ཁྱེར་དང་ཆ་འཕྲིན་དུ་སིམ་འཛུལ་སོགས་ལ་དོགས་པ་དང་གླེང་གཞི་ཆེ་ཤོས་ཀྱི་གནས་ཚུལ་ཅིག་ཆགས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།