མིང་དོན་མཚུངས་པའི་རང་སྐྱོང་སྤྲོད་དགོས།


2013-12-31
Share
སྲིད་སྐྱོང་བློ་བཟང་སེང་གེ་མཆོག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀླུ་འབུམ་བཀྲིས།

རྒྱ་ནག་གཞུང་གིས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་སྤྲོད་དགོས་བ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་འདུག
དེ་ཡང་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཨ་མི་རི་ཀའི་གསར་ཤོག་The Wall Street Journal གྱི་གསར་འགོད་པས། བོད་ཀྱི་གནས་སྟངས་ཐད་ཉེ་ཆར་ལྡི་ལིར་བཀའ་འདྲི་ཞུས་སྐབས། སྲིད་སྐྱོང་མཆོག་གིས། ང་ཚོའི་ངོས་ནས་རྒྱ་ནག་གི་རྩ་ཁྲིམས་ནང་གཏན་འབེབས་བྱས་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་།  ཁྲིམས་གཞི་དེ་དག་བོད་དང་། བོད་མིའི་ཐོག་ལ་ཕྱག་ལེན་བསྟར་དགོས་ཀྱི་འདུག་ཞེས་དགོས་འདུན་བཏོན་གྱི་ཡོད། དེ་རྒྱ་ནག་གཞུང་གིས་ཀྱང་ཕྱག་ལེན་བསྟར་ན་བོད་ལ་རང་སྐྱོང་གི་ཐོབ་ཐང་སྤྲད་པ་མཚོན་ཐུབ་ཀྱི་རེད་ཞེས་དང་། རྒྱ་ནག་གཞུང་གིས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་སྤྲོད་དགོས་ཀྱི་རེད། གནས་བབ་དེ་ལ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་ཞེས་འགྲེལ་བརྗོད་གནང་གི་ཡོད་རེད། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ལ་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཡོད་ལུགས་བརྗོད་ཀྱི་ཡོད་ནའང་དེ་ནི་ཤོག་བུའི་སྟེང་གི་མིང་ཙམ་གྱི་རང་སྐྱོང་ཡིན་པ་ལས་དོན་དམ་གྱི་རང་སྐྱོང་མ་རེད་ཅེས་དང་། མུ་མཐུད་དོན། དཔེར་ན། བོད་རང་སྐྱོང་ལྗོངས་ཀྱི་ཚོགས་གཙོ་བོད་མི་ཞིག་ཡིན་རུང་། ཁོང་ནི་རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པའི་དྲུང་ཆེའི་གཤམ་འོག་གི་འགོ་ཁྲིད་ཤིག་རེད་ཅེས་རྒྱུ་མཚན་རིམ་པ་དཔེ་མཚོན་དྲངས་གནང་འདུག སྲིད་སྐྱོང་མཆོག་གིས་ད་དུང་རྒྱ་ནག་གིས་བོད་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་་ཡིན་ལུགས་བཤད་པ་དང་མཉམ་བོད་ནང་རྒྱ་མི་མང་པོ་གཞིས་སྤོས་བྱེད་དུ་འཇུག་གི་ཡོད་པ་རེད། ང་ཚོའི་ངོས་ནས་བོད་ནས་རྒྱ་མི་ཕྱིར་འབུད་གཏོང་རྒྱུའི་བསམ་བློ་མེད་ན་ཡང་རྒྱ་མི་བོད་ནང་གཞིས་སྤོས་བྱ་རྒྱུའི་ཐད་སྒྲིག་གཞི་དགོས་ཀྱི་རེད་སོགས་གསུང་ཡོད་འདུག
གསར་འགོད་པ་འབེན་པ་སྟོབས་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།