༧གོང་ས་མཆོག་གིས་སྤྱི་ཚོགས་ཀྱི་སྐྲན་ནད་ལྐོག་ཟ་གསུངས།
2012.12.21
དེ་ཡང་༧གོང་ས་མཆོག་གིས་ད་ཐེངས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་གདན་ས་ཆེན་པོ་འབྲས་སྤུངས་དང་། དགའ་ལྡན་གཉིས་སུ་གསུང་ཆོས་བསྩལ་བའི་རྗེས་ཕྱི་ཚེས་༡༥དང་༡༦ཉིན་གཉིས་རིང་ཐེ་ལེནཊི་ནང་བའི་བླ་མ་དང་། མཁས་དབང་ཁག་ཅིག་དང་མཇལ་འཕྲད་ཀྱིས་གླེང་མོལ་གནང་ཡོད། སྐབས་དེར་༧གོང་ས་མཆོག་གིས་ཐེ་ལེནཊི་ནང་པའི་དགེ་འདུན་པ་རྣམས་ལ་ དེང་སང་མ་ཡན་གྱི་ལུང་བསྟན་ཞིག་གི་ནང་འཛམ་གླིང་སྟོང་ཉེན་ཡོད་པའི་འཇིགས་པ་བྱེད་མཁན་མང་པོ་ཡོད་ཀྱང་དོན་དངོས་འཛམ་གླིང་འདིའི་སྟེང་ཉེན་ཚབས་ཆེ་ཤོས་མི་འབོར་འཕེལ་རྒྱལ་དང་། གནམ་གཤིས་འགྱུར་ལྡོག དབུལ་ཕྱུག་གི་བར་ཁྱད་། ལྐོག་ཟའི་དོན་རྐྱེན་བཅས་ནས་ཡོང་གི་ཡོད་པ་གསུངས་འདུག
དེ་བཞིན་སྤྱི་ཚོགས་དཀའ་ངལ་མང་པོའི་ཁོངས་ནས་དེང་སང་སྤྱི་ཚོགས་ནང་སྐྲན་ནད་འདྲ་བ་ནི་ལྐོག་ཟའི་གནད་དོན་ཡིན་པ་དང་། ལྐོག་ཟའི་གནད་དོན་འདི་བཀག་འགོག་མ་ཐུབ་ཚེ་ དེས་སྤྱི་ཚོགས་ནང་དཀའ་ངལ་ཆེན་པོ་བཟོ་རྒྱུ་ཡིན་སྐོར་བཀའ་གནང་ཡོད་པ་རེད།
༧གོང་ས་མཆོག་ཕྱི་ཟླ་༡་པོའི་ཚེས་༤བར་རྒྱལ་ས་ལྡི་ལི་ནང་བཞུགས་གནང་གི་ཡོད་པ་དང་། དེའི་རྗེས་ནང་པའི་གནས་མཆོག་ས་ར་ན་ཏ་ལ་ཆིབས་བསྒྱུར་གྱིས་དད་ལྡན་མང་ཚོགས་ལ་གསུང་ཆོས་གནང་རྒྱུ་ཡིན་འདུག