བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་མ་བྱས་ཀྱི་བར་བོད་ལ་བསྐྱོད་ཆོག་གི་མ་རེད་ཅེས་རྒྱ་ནག་གི་ཤེས་ལྡན་པ་དང་ཁྲིམས་རྩོད་པ་ ཝིཀ་ཊར་ ཀའོ་ (Victor Gao) ཡིས་བརྗོད་པ།
2024.08.10
བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་མ་བྱས་ཀྱི་བར་བོད་མི་ཚོ་ཕྱི་ནས་བོད་ལ་བསྐྱོད་ཆོག་གི་མ་རེད་ཅེས་རྒྱ་ནག་གི་ཤེས་ལྡན་པ་དང་ཁྲིམས་རྩོད་པ་ ཝིཀ་ཊར་ ཀའོ་ (Victor Gao) ཡིས་བགྲོ་གླེང་གི་ལས་རིམ་ཞིག་གི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕཪཱ་སི་བསོད་ནམས་ཚེ་རིང་ལགས་ཀྱིས་བོད་མི་ཚོ་བོད་ནང་བསྐྱོད་མ་བཅུག་པའི་རྒྱུ་མཚན་ཇི་ཡིན་དྲི་བ་བཏང་པའི་ལན་དུ་བརྗོད་ཡོད་པ་རེད།
འདི་ནི་ཕྱི་ཟླ་ ༨ པའི་ཚེས་ ༩ ཉིན་དཀྱིལ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ Qatar གཞུང་གིས་དབང་བའི་ Al Jazeera བརྙན་འཕྲིན་ལས་ཁང་གི་ལས་རིམ་ཞིག་གི་ཐོག་རྒྱ་ནག་དང་འབྲེལ་བའི་སྐོར་བགྲོ་གླེང་གི་ཚོགས་འདུ་ཞིག་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌན་དུ་བསྐོངས་ཚོགས་གནང་ཡོད་ཅིང་། བགྲོ་གླེང་གི་ཚོགས་འདུ་དེ་ Al Jazeera བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་ Mehdi Hasan གྱིས་གཙོ་སྐྱོང་གནང་བ་དེར་རྒྱ་ནག་གི་ Center for China and Globalization ཞེས་པའི་ཉམས་ཞིབ་བལྟི་གནས་ཁང་དེའི་འགན་འཛིན་གཞོན་པ་དང་དེ་སྔོན་རྒྱ་ནག་གི་འགོ་ཁྲིད་འདས་པོ་ཏིང་ཤའོ་ཕིང་ (Deng Xiaoping) གི་དབྱིན་ཡིག་སྐད་བསྒྱུར་བ་ ཝིཀ་ཊར་ཀའོ་ (Victor Gao) མཉམ་ཞུགས་བྱས་ཏེ་གཏམ་བཤད་བྱས་ཡོད་པ་རེད།
བགྲོ་གླེང་གི་འདུ་ཚོགས་དེར་ཚོགས་བཅར་བ་རྣམས་ལ་དྲི་བ་གཏོང་རྒྱུའི་གོ་སྐབས་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕརཱ་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ ཝིཀ་ཊར་ ཀའོ་ (Victor Gao) ལ་དྲི་བ་བཏང་དོན་དུ། ང་རང་རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་གོང་བོད་ནང་སྐྱེས་པ་ཞིག་ཡིན། དུས་དེ་ནས་རྒྱ་ནག་གིས་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ཙམ་དམར་བསད་བཏང་པ་དང་། ང་ཚོ་བཙན་བྱོལ་བ་བཟོས་སོང་། ངའི་དྲི་བ་དེ་བོད་རྒྱ་ནག་གིས་དབང་བསྒྱུར་བྱས་ནས་ལོ་ངོ་ ༧༤ འགྲོ་གིན་ཡོད་ནའང་དུས་ད་ལྟའང་བོད་དེ་བཀག་སྡོམ་དང་ཆེས་དམ་དྲག་འོག་གནས་ཡོད། གསར་འགོད་པ་དང་། ཡུལ་སྐོར་སྤྲོ་འཆམ་པ། ཐ་ན་བོད་མི་རྣམས་རང་གི་ཕ་ཡུལ་དུ་ནང་མི་ཐུགས་འཕྲད་བྱེད་དུ་འགྲོ་འཇུག་གི་ཡོད་པ་མ་རེད། རྒྱ་ནག་གིས་བོད་ཡུལ་འདི་དེ་འདྲའི་དམ་དྲག་ཧ་ཅང་ཆེན་པོའི་འོག་བཞག་དགོས་པའི་འཇིགས་སྣང་བྱེད་དགོས་དོན་གང་ཡིན་ནམ། བོད་མི་རྣམས་རང་གི་ལུང་པའི་ནང་འགྲོ་བ་མི་ལས་སྡུག་པའི་གནས་སྟངས་ངང་སྡོད་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་དྲི་བ་བཏང་གནང་འདུག རྒྱ་རིགས་ ཝིཀ་ཊར་ ཀའོ་ (Victor Gao) ཟེར་བ་དེས་བོད་དེ་ཡོན་རྒྱལ་རབས་སྐབས་དང་དེའི་གོང་ནས་རྒྱ་ནག་གི་ཆ་ཤས་ཤིག་རེད། རྒྱལ་རྒྱུད་འདྲ་མིན་དང་རྒྱལ་རབས་ལོ་རྒྱུས་འདྲ་མིན་ནང་དང་། ངའི་གདེང་ཚོད་ཐོག་ནས་བཤད་ན་ཁྱེད་རང་དང་ངའི་མི་ཚེའི་ནང་བོད་དེ་རྒྱ་ནག་གི་ཆ་ཤས་སུ་མུ་མཐུད་ནས་གནས་ཀྱི་རེད་ཅེས་དང་། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་ཁས་ལེན་མ་བྱས་ཀྱི་བར་ཁྱེད་རང་བོད་ལ་བསྐྱོད་ཆོག་གི་མ་རེད་ཅེས་བརྗོད་པར། ལས་རིམ་མདོ་འཛིན་པ་གསར་འགོད་པ་དེས་ཁྱེད་རང་གིས་སྡིགས་ར་སྐུལ་གྱི་ཡོད་དམ་ཞེས་དྲིས་ཡོད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་འཇོ་སྦཡེཌན་ (Joe Biden) མཆོག་གིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་མཚན་རྟགས་སྐྱོན་ནས་བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་པ་གསལ་བའི་འབྲུ་དོན་འཁོད་པའི་ཁྲིམས་ཡིག་ s. 138 ལ་ ༢༠༢༤ ཟླ་ ༧ ཚེས་ ༡༢ ཉིན་མཚན་རྟགས་བསྐྱོན་ཏེ་ཨ་མི་རི་ཀའི་རྒྱལ་ཁབ་ཀྱིས་ལག་བསྟར་བྱེད་རྒྱུའི་ཁྲིམས་སུ་གཏན་འབེབས་གནང་ཡོད་པ་རེད།
ཁྲིམས་ཡིག་དེའི་ནང་དོན་དུ། རྒྱ་ནག་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་བརྗོད་པ་དེ་དངོས་བདེན་མིན་པ་བཀོད་ཡོད་པ་དང་། དེའི་རྐྱེན་གྱིས་རྒྱ་ནག་གིས་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་བོད་རང་བཙན་ཡིན་པའི་ཁས་ལེན་བྱེད་མཁན་རྒྱལ་ཁབ་གཅིག་ཀྱང་མེད་ཟེར་བ་དེར་ད་ཆ་རྒྱ་ནག་གིས་གདོང་ལེན་བྱ་དགོས་ཆགས་པ་རེད་ཅེས་ཉེ་ལམ་སྲིད་སྐྱོང་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་བསལ་གླེང་མོལ་གྱི་ལས་རིམ་ཐོག་གསལ་བཤད་གནང་ཡོད་པ་རེད། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་། རྒྱལ་རབས་ལོ་རྒྱུས་ཐད་ཉམས་ཞིབ་པ་མང་པོས་ཀྱང་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གྱི་མངའ་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་ཁུངས་བསྐྱེལ་ར་སྤྲོད་ཡོད་པ་དེང་སྐབས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གླེང་སློང་བྱེད་གཞིར་གྱུར་ཡོད་ཅིང་། ཕྱི་ཟླ་ ༧ ཚེས་ ༡༦ རེས་གཟའ་ཉིན། རྒྱ་གར་གྱི་གཞུང་ཚབ་ཟུར་པ་དྷི་ལིཔ་ སིན་ཧ་ (Dilip Sinha) ལགས་ཀྱིས་བརྩམས་པའི་དཔེ་དེབ་ (The Imperial Games in Tibet: The Struggle for Statehood and Sovereignty) བོད་ནང་བཙན་རྒྱལ་བའི་རོལ་རྩེད། རྒྱལ་ཁབ་ཀྱི་གནས་བབ་དང་བདག་དབང་གི་འཐབ་རྩོད། ཅེས་པ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་དབུ་འབྱེད་གནང་འདུག་པའི་ནང་། བོད་འདི་རང་བཙན་གྱི་མངའ་དབང་ལྡན་པའི་རྒྱལ་ཁབ་ཡིན་པ་ར་སྤྲོད་གནང་འདུག
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།