ཨ་གྲགས་ལ་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

0:00 / 0:00

སྔ་ལོར་ཞི་རྒོལ་རྗེས་འཇུ་བཟུང་བྱས་བའི་ཨ་གྲགས་ལགས་ལ་རྒྱ་ནག་གིས་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཨ་གྲགས་སམ་བློ་བཟང་གྲགས་པ་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་རྗེས་ཉེ་ལམ་གསང་བའི་ཐོག་ནས་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཨ་གྲགས་ལགས་ཀྱིས་སྔ་ལོའི་ཕྱི་ཟླ་༩་པའི་ཚེས་ ༡༠་ཉིན་རྔ་བ་རྫོང་གི་ཁྲོམ་གཞུང་དུ་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་བཅུག་དགོས་ཞེས་སྐད་འབོད་རྒྱག་བཞིན་དུ་གོམ་བགྲོད་བྱས་སྐབས། རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་བ་དང་། དེ་ནས་བཟུང་ད་བར་ཁོང་གར་ཡོད་ཙམ་ཡང་ཤེས་རྟོག་མེད་པར་གྱུར་ཡོད་ཀྱང༌། ཉེ་ལམ་རྒྱ་ནག་གཞུང་གིས་གསང་བའི་ཐོག་ཨ་གྲགས་ལགས་ལ་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་འདི་གའི་བལ་ཡུལ་གྱི་གསར་འགོད་པས་གནས་ཚུལ་བཏང་འབྱོར་བྱུང་། ཡིན་ན་ཡང་། ད་བར་ཁོང་གི་ནང་མི་སྤུན་མཆེད་སུ་གཅིག་ལའང་ཁོང་ཐུག་འཕྲད་བྱེད་དུ་བཅུག་མེད་སྟབས། ཁོང་ངལ་ཁྲིམས་གཅོད་ག་དུས་བྱས་པ་དང༌ད་ལྟའི་གནས་སྟངས་ཇི་འདྲ་ཡོད་པ་སོགས་ཀྱི་གནས་ཚུལ་ཤེས་རྟོག་གང་ཡང་མེད་པ་རེད།
དགེ་འདུན་པ་ཨ་གྲགས་སམ་བློ་བཟང་གྲགས་པ་ལགས་ནི་རྔ་བ་སོ་རུ་མ་ཡུལ་ཚོ་ནས་ཡིན་པ་དང༌། ཁོང་གི་ཕའི་མཚན་ལ་འཛམ་པ་དང༌། མའི་མཚན་ལ་རིགས་ཁོ་ཞུ་གི་ཡོད་འདུག

གསར་འགོད་པ་ངག་དབང་ཆོས་འཕེལ།