རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན།

རྒྱ་གར་གྱི་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཞིག་གྲོང་ཁྱེར་ཅཱན་རྡི་གར་ནང་འཚོགས་བཞིན་ཡོད་འདུག
2008-06-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བཙན་བྱོལ་བོད་གཞུང་གི་རྒྱ་གར་འབྲེལ་འཐུད་ལས་ཁུངས་ནས་གོ་སྒྲིགས་ཞུས་པའི་རྒྱ་གར་གྱི་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཞིག་གྲོང་ཁྱེར་ཅཱན་རྡི་གར་ནང་འཚོགས་བཞིན་ཡོད་འདུག

རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་ཡཱཤེ་ལྦན་སིན་ཧ་མཆོག་གིས་ཕྱི་ཚེས་༢༨ཉིན་དབུ་འབྱེད་གནང་པ་དང་ལྷན་ཚོགས་དེའི་ནང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ རྒྱ་གར་རྒྱལ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགོ་ཁྲིད་ སྦ་ཤིསི་ཐ་ན་ར་ཡན་ རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་ཌི་ཨེན་ཀེ་ཏྲི་ཀ་ དེ་བཞིན་འཕགས་བོད་མཛའ་འབྲེལ་ཚོགས་པའི་འགན་འཛིན་ ཨཱག་ནི་ཧོ་ཏྲི་མཆོག་དབུས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་༤༢༠བརྒལ་བ་ལྷན་བཞུགས་གནང་ཡོད་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་དེང་དུས་བོད་ཀྱི་གནས་སྟངས་དང་བོད་རྒྱ་གཉིས་དབར་གྲོས་མོལ་གྱི་འཕེལ་རིམ་སྐོར་གསུངས་བཤད་གནང་འདུག རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་ཡཱཤི་ལྦན་སིན་ཧ་མཆོག་གིས་རྒྱ་གར་ངོས་ནས་རྒྱ་ནག་དང་མཛའ་འབྲེལ་གོང་འཕེལ་གཏོང་འདོད་ཡོད་རུང་ མཛའ་འབྲེལ་དེ་ཕན་ཚུན་གུས་བརྩི་དང་ཕྱོགས་གཉིས་ཀའི་ཁེ་ཕན་དང་ཡིད་ཆེས་ལ་གཞི་བཞག་དགོས་ གལ་ཏེ་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ས་ཁོངས་ཨ་རུ་ན་ཅལ་པཱར་རྡེཤ་འམ་མོ་ཏ་ལྦང་ཁུལ་གྱི་ས་ཁུལ་ཁག་རྒྱ་ནག་གི་ཆ་ཤས་ཡིན་པའི་འདོད་ཚུལ་འཛིན་ཚེ་ དེས་ཡུལ་གཉིས་དབར་ཡིད་ཆེས་གོང་འཕེལ་གཏོང་ཕྱིར་ཕན་ཐོགས་ཡོང་རྒྱུ་མིན་ལུགས་གསུངས་འདུག

བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་མཆོག་ནས་བོད་ཀྱི་གནད་དོན་དེ་རྒྱ་གར་གྱི་ཁེ་ཕན་དང་རྩ་དོན་མིན་པའི་དོགས་གཞི་ཡོད་ཚེ་ དེ་བློས་གཏོང་རྒྱུའི་བློ་སྟོབས་དགོས་སྐོར་བཀའ་གནང་འདུག ཡང་བཀའ་བློན་ཁྲི་པ་མཆོག་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་བར་རི་ལིའི་ལྕགས་ལམ་གསར་འཛུགས་བྱས་པ་དེ་ད་ཆ་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་པཱར་རྡེཤ་དང་འབྲས་ལྗོངས་མངའ་སྡེའི་བར་རྒྱ་བསྐྱེད་གཏོང་རྒྱུའི་འཆར་གཞི་བཀོད་ཟིན་སྟབས་ རྒྱ་གར་ངོས་ནས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འགུལ་བསྐྱོད་ཐད་དོ་སྣང་གནང་གལ་ཆེ་སྐོར་བཀའ་སློབ་གནང་ཡོད་པའི་གནས་ཚུལ་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།