ཞི་ཅིན་ཕིན་རྒྱ་ནག་གི་གྲོང་ཁྱེར་ཧྲིན་ཡང་ནང་གཟིགས་སྐོར་རྗེས་འབར་གས་ཀྱི་དོན་རྐྱེན་བྱུང་འདུག

2025.01.28
ཞི་ཅིན་ཕིན་རྒྱ་ནག་གི་གྲོང་ཁྱེར་ཧྲིན་ཡང་ནང་གཟིགས་སྐོར་རྗེས་འབར་གས་ཀྱི་དོན་རྐྱེན་བྱུང་འདུག རྒྱ་ནག་ནང་འབར་གས་ཀྱི་དོན་རྐྱེན་བྱུང་སྐབས་ཀྱི་བརྙན་པར།
Photo from video. (RFA)

དེ་ཡང་ཉེ་ལམ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་བྱང་ཤར་གྲོང་ཁྱེར་ཧྲིན་ཡང་(Shenyang)ནང་གཟིགས་སྐོར་བྱས་པའི་ཉིན་གསུམ་གྱི་རྗེས་འདི་ཚེས་༢༦ཉིན་གྲོང་ཁྱེར་དེའི་མི་ཚོགས་མང་བའི་ཁྲོམ་ས་ཞིག་ཏུ་འབར་གས་ཀྱི་དོན་རྐྱེན་བྱུང་ཡོད་པ་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ནང་བརྙན་སོགས་གནས་ཚུལ་ཁྱབ་ཡོད་ཀྱང་དེ་མ་ཐག་རྒྱ་ནག་གཞུང་གིས་བཀག་སྡོམ་བྱས་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་གྲོང་ཁྱེར་ཧྲིན་ཡང་ནང་གི་མི་ཚོགས་མང་བའི་བཟའ་བཅའི་ཁྲོམ་ས་(Dalefu)་ཞེས་པའི་སྲང་ལམ་དུ་འབར་གས་དེ་བྱུང་ཡོད་པ་དང་། བརྙན་པར་ནང་འབར་གས་ཁྲོད་མཁའ་དབྱིངས་དུ་བས་ཁེངས་པ་དང་། སྐབས་དེར་རྨས་སྐྱོན་ཕོག་པའི་མི་ཚོ་ས་ལ་འགྱེལ་བ་དང་ཟུར་དུ་གནས་པའི་མི་ཚོ་འཇིགས་སྣང་དངངས་སྐྲག་སྐྱེས་ནས་ངུ་བཞིན་པ་མཐོང་རྒྱུ་ཡོད་འདུག་ལ། ཡང་གོང་ཞུས་གནས་ཚུལ་དེ་རེས་གཟའ་ཉི་མ་ཉིན་གྲོང་ཁྱེར་ཧྲིན་ཡང་དབུས་ཀྱི་(Dalefu)་བཟའ་བཅའི་ཁྲོམ་སར་འཛུལ་སའི་ཕྱི་ལ་བྱུང་བ་ཡང་སྤྱི་ཚོགས་དྲྭ་ལམ་གྱི་གནང་ཚུལ་ནང་བཀོད་འདུག
སྤྱི་ཚོགས་དྲྭ་རྒྱའི་ཐོག་བཀོད་སྤེལ་བྱས་པའི་གོང་ཞུས་གནས་ཚུལ་དེ་ཁུངས་ལྡན་ཡིན་མིན་རང་དབང་གི་ཐོག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དཔྱད་ཞིབ་བྱེད་མ་ཐུབ་ན་ཡང་དེའི་སྐོར་ཕྱོགས་འདྲ་མིན་ནས་བརྒྱབ་པའི་བརྙན་འཕྲིན་མང་པོ་མཐོང་རྒྱུ་ཡོད་པ་རེད།
གཞན་གོང་ཞུས་དོན་རྐྱེན་དེའི་སྐོར་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་གནས་ཚུལ་ཧ་ཅང་ཉུང་ཉུང་ལས་བཏོན་མེད་ན་ཡང་། (Red Star News)་ཞེས་པའི་གསར་ལས་ཁང་གི་གནས་ཚུལ་ལྟར་ན། ད་ལྟའི་ཆར་འབར་རྫས་གས་འཐོར་བྱུང་བའི་ཐད་རྒྱ་གཞུང་གིས་བརྟག་དཔྱད་བྱེད་མུས་ཡིན་སྐོར་ལས་དོན་རྐྱེན་ཁྲོད་མི་སྣ་ཤི་རྨས་བྱུང་ཡོད་མེད་སོགས་གང་ཡང་བཏོན་མིན་འདུག ཡིན་ན་ཡང་བརྙན་པར་ཁག་ནང་མི་ལ་རྨས་སྐྱོན་ཕོག་ཡོད་པ་མཐོང་རྒྱུ་འདུག
ཐེ་ཝན་གྱི་དབུས་གསར་ལས་ཁང་ (Central News Agency)་ཞེས་པ་དང་། ཧྥ་རན་སི་རྒྱལ་སྤྱིའི་རླུང་འཕྲིན་ཁང་(Radio France Internationale)་གཉིས་ཀྱིས་གོང་ཞུས་དོན་རྐྱེན་དེ་བྱུང་བ་མ་ཐག་གནས་ཚུལ་འདོན་སྤེལ་བྱས་འདུག ཡང་གནས་ཚུལ་ནང་རྒྱ་ནག་གི་ཧྲིན་ཡང་གྲོང་ཁྱེར་ནང་འབར་གས་ཀྱི་དོན་རྐྱེན་དེ་ནི་ཕྱི་ཚེས་༢༨་ཉིན་རྒྱ་ནག་གི་ལོ་གསར་དཔྱིད་གསར་དུས་ཆེན་སྲུང་བརྩི་བྱེད་ལ་ཉེ་བའི་དུས་སུ་བྱུང་བ་ཞིག་ཡིན་པ་དང་། ཁྲོམ་ས་དེར་འདི་ཟླའི་ཚེས་༢༣་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཟིགས་སྐོར་དུ་བསྐྱོད་ནས་ཉིན་གསུམ་གྱི་རྗེས་སུ་བྱུང་བ་ཞིག་ཡིན་པའི་གནས་ཚུལ་སྤེལ་འདུག།


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཧྥེ་ལིབ་པིན་གཞུང་གིས་རྒྱ་ནག་གི་གསང་མྱུལ་བ་ལྔ་འཛིན་བཟུང་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎