རྒྱ་ནག་གིས་རྒྱལ་ཁབ་ནང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་ཨ་མི་རི་ཀས་སྐྱོན་བརྗོད་བྱས་པ།

2021-05-08
Share
རྒྱ་ནག་གིས་རྒྱལ་ཁབ་ནང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་ཨ་མི་རི་ཀས་སྐྱོན་བརྗོད་བྱས་པ། རྒྱ་ནག་གིས་རྒྱལ་ཁབ་ནང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་ཡང་ཕྱི་ཕྱོགས་སུ་འབྲེལ་ཡོད་རྒྱལ་ཁབ་མང་པོ་ཞིག་ལ་དྲག་ཤུགས་འཇིགས་སྐུལ་གྱིས་གཞན་གྱི་ས་ཁུལ་བདག་དབང་བཙན་བཟུང་བྱ་ཐབས་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།
ཨེ་ཨེཕ་པི།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་Anthony Blinken མཆོག་གིས་རེས་གཟའ་པ་སངས་ཉིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ནང་གསུང་བཤད་ཅིག་ནང་རྒྱ་ནག་ཅེས་པ་ཚིག་གཅིག་མིང་འདོན་མེད་པའི་ཐོག་ནས་ནང་དོན་རྒྱ་ནག་གིས་རྒྱལ་ཁབ་ནང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་དང་ཡང་ཕྱི་ཕྱོགས་སུ་འབྲེལ་ཡོད་རྒྱལ་ཁབ་མང་པོ་ཞིག་ལ་དྲག་ཤུགས་འཇིགས་སྐུལ་གྱིས་གཞན་གྱི་ས་ཁུལ་བདག་དབང་བཙན་བཟུང་བྱ་ཐབས་བྱེད་བཞིན་པའི་བྱ་སྤྱོད་དེ་ཚོ་རྒྱལ་སྤྱིའི་འགྲོ་ལུགས་དང་མི་མཐུན་པའི་ཚུལ་མིན་གྱི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

ཁོང་གིས་གསུང་བཤད་ནང་ཨ་མི་རི་ཀའི་སྲིད་འཛིན་གོང་མ་Trump གི་ལས་ཡུན་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་ཐོག་གཏན་འབེབས་ཡོད་པའི་ཁྲིམས་སྒྲིག་གི་འགྲོ་ལུགས་ཁག་ཅིག་ནས་ཕྱིར་འཐེན་གནང་བའི་བྱེད་བབས་ཀྱི་ཐད་ཚོགས་མི་རྒྱལ་ཁབ་མང་པོ་ཞིག་ལ་ཨ་མི་རི་ཀའི་ཐད་ལྟ་ཕྱོགས་ལ་མི་བདེ་བ་ཞིག་བྱུང་ཡོད་པ་དངོས་དོན་ཡིན་པས་སྐབས་དེར་ཨ་མི་རི་ཀའི་གཞུང་གི་གནང་ཕྱོགས་དེ་སྒྲིག་མེད་པ་ངོས་ལེན་གནང་གི་ཡོད་ཅེས་དང་།  འོན་ཀྱང་གཞི་རྩའི་ཨ་མི་རི་ཀའི་རྒྱལ་ཁབ་ཀྱི་རྒྱུན་ལྡན་གྱི་ལངས་ཕྱོགས་དེ་ནི་འགྱུར་ལྡོག་མེད་པར་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་ཚང་མས་བརྩི་སྲུང་དགོས་པ་རྩ་འཛིན་བྱེད་ཀྱི་ཡོད་པ་ནན་བརྗོད་གནང་ཡོད་པ་རེད།

རྒྱ་ནག་གི་ཕྱི་སྲིད་བློན་Wang Yiཡིས་ཨ་མི་རི་ཀར་དམིགས་པའི་གཏམ་བཤད་ཀྱང་། འཛམ་གླིང་རྒྱལ་ཁབ་ཁག་ནས་རྒྱལ་སྤྱིའི་ཐོག་དྲང་བདེན་དང་འདྲ་མཉམ་ཡོང་ཐབས་ལ་བཙོན་དགོས་པ་ལས་གཞན་ལ་དབང་ཤེད་དང་གཙོ་བདག་ཐོན་རྒྱུའི་འབད་བཙོན་བྱ་རྒྱུ་མེད་ལུགས་བརྗོད་ཡོད་པ་རེད།

རྒྱ་ནག་ད་རེས་ད་ལྟ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ནང་བསྐོར་རེས་ཀྱི་ཚོགས་གཙོའི་ལས་འཁུར་ཞུ་བཞིན་ཡོད་ཀྱང་། རྒྱ་ནག་གིས་ཉེ་འཆར་Australia དང་། New Zealand གཉིས་ལ་ཚོང་དོན་འབྲེལ་བར་དཀའ་ངལ་བཟོ་སྟངས་བཅས་པའི་གནད་དོན་ལ་སྐྱོན་བརྗོད་ཤུགས་ཆེ་ཕོག་བཞིན་ཡོད་པ་རེད།

གནད་དོན་དབྱེ་ཞིབ་པ་ཚོས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གི་གསུང་བཤད་ཀྱི་ནང་དོན་ལ་དམིགས་ས་གཙོ་བོ་གཉིས་ཡོད་པ་དང་། གཅིག་ནི་རྒྱ་ནག་དང་ར་ཤེ་ཡ་གཉིས་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་སྲུང་དགོས་ཀྱི་ཡོད་པ་ནན་བརྗོད་དང་། གཉིས་པར་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀའི་ངོས་ནས་གཞུང་འཛིན་སྔོན་མ་དང་མ་འདྲ་བར་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་ཅི་ནས་ཀྱང་སྲུང་སྐྱོབ་བྱ་རྒྱུ་ཡིན་པའི་གོ་དོན་དེ་སྤེལ་གྱི་ཡོད་པ་གསུངས་ཀྱི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།