མཐའ་སྲུང་དམག་ལ་བསྟོད་བསྔགས་བྱས་བ་ནི་རྒྱ་གར་ལ་དམིགས་ནས་ཡིན་པ་ཉམས་ཞིབ་པས་ངོས་འཛིན།

2021-09-14
Share
མཐའ་སྲུང་དམག་ལ་བསྟོད་བསྔགས་བྱས་བ་ནི་རྒྱ་གར་ལ་དམིགས་ནས་ཡིན་པ་ཉམས་ཞིབ་པས་ངོས་འཛིན། རྒྱ་གར་དང་བོད་ཀྱི་ས་མཚམས་ལ་དྭགས་སྤང་གོང་མཚོ་ཁུལ་ནས་རྒྱ་དཀར་ནག་གི་དམག་མི་ཕྱིེར་འཐེན་སྐབས། ༢།༡༦།༢༡
INDIAN MINISTRY OF DEFENCE / AFP

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་དམག་ཁུལ་ཁང་ཟེར་བའི་མཐའ་མཚམས་སྲུང་དམག་གི་དཔེ་མཚོན་དམག་དཔུང་ཟེར་བར་བསྟོད་བསྔགས་བྱས་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་(Xi Jinping)་གིས་བོད་དམག་ཁུལ་ཁང་ཟེར་བའི་མཐའ་མཚམས་སྲུང་དམག་གི་དཔེ་མཚོན་དམག་དཔུང་ཟེར་བས། འདས་པའི་ལོ་ལྔའི་རིང་ལས་དོན་འགན་འཁུར་གང་ལེགས་བྱས་ཡོད་ལུགས་སོགས་བསྔགས་བརྗོད་བྱས་པ། རྒྱ་ནག་གི་གཞུང་འབྲེལ་གོ་ལའི་དུས་བབ་ལུངས་འདྲེན་བྱས་ནས་རྒྱ་གར་གྱི་(PTI)་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
དེ་ཡང་(Xi Jinping)་གིས་བསྟོད་བསྔགས་བྱས་བའི་ནང་། བོད་མཐོ་སྒང་དུ་རྟེན་གཞི་བྱས་པའི་དཔེ་མཚོན་དམག་དཔུང་གིས་འདས་པའི་ལོ་ལྔའི་རིང་ལས་དོན་འགན་འཁུར་ཡག་པོ་བྱས་ཡོད་ལ། འབྱུང་འགྱུར་ཡང་མི་མང་དང་དམར་ཤོག་ཚོགས་པར་ཚད་མཐོའི་ཞབས་ཞུ་སྔར་ལས་ལྷག་པ་ཞུ་རྒྱུའི་རེ་བ་ཡོད་ལུགས་བརྗོད་འདུག
རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱ་གར་ཕྱོགས་སུ་དམིགས་པའི་བོད་ཀྱི་ས་ཁུལ་ནང་རྟེན་གཞི་བྱས་པའི་དམག་དཔུང་ལ་དམིགས་བསལ་གྱི་དོ་ཁུར་བྱེད་ཀྱི་ཡོད་པ་དང་། དེའི་མཚོན་དོན་གཅིག་ནི། རྒྱ་ནག་གི་འགོ་ཁྲིད་(Xi Jinping)་གིས་ཕྱི་ལོ་༢༠༡༦་ལོར། བོད་ཀྱི་མཐའ་མཚམས་དམག་དཔུང་ལ་དཔེ་མཚོན་གྱི་དཔུང་སྡེ་ཞེས་པའི་གནས་རིམ་སྤྲད་ནས་ཆེ་བསྟོད་བྱས་བ་ནས་ངོས་འཛིན་ཐུབ་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་གསུངས་ཀྱི་ཡོད་པ་རེད།
རྒྱ་ནག་གི་དྲག་པོའི་བཙན་དབང་འོག་ཡོད་པའི་བོད་དང་། ཤར་ཏུར་ཀིསུ་ཐན་ནམ་ཤིན་ཅང་ཞེས་འབོད་པའི་མངའ་ཁུལ་ནས་རྒྱ་གར་ཕྱོགས་སུ་དམག་འཐབ་ཆེད་དམིགས་པའི་དམག་དོན་ལས་གཞི་སྤེལ་བཞིན་པའི་ཁྲོད། ཉེ་བའི་ཆར་བོད་ཀྱི་མཐའ་མཚམས་ཉིང་ཁྲི་དང་མངའ་རི་བཅས་ཀྱི་ས་ཁུལ་ནང་ཞི་དྲག་གི་ལས་དོན་ཆེད་གནམ་ཐང་འཛུགས་བསྐྲུན་བྱས་དང་བྱེད་བཞིན་ཡོད་པ་དང་། སྲིད་འཛིན་ཞི་ཅིན་ཕིང་གིས་ཉེ་སྔོན་ཕྱི་ཟླ་༧་པའི་ནང་རྒྱ་གར་གྱི་མོན་རྟ་དབང་ཕྱོགས་དང་ས་འབྲེལ་ཡིན་པའི་ཉིང་ཁྲི་ས་ཁུལ་ལ་ལྟ་སྐོར་བྱས་པ་བརྒྱུད་མངའ་ཁུལ་དེའི་ནང་འཛུགས་བསྐྲུན་བྱས་པའི་གནམ་ཐང་དང་ཆུ་མཛོད་བཅས་ལ་ལྟ་ཞིབ་བྱས་ཡོད་པ་རེད།

གསར་འགོད་པ། བློ་བཟང་ཡེ་ཤེས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།