ཨ་མི་རི་ཀའི་སྲིད་འཛིན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་རྣམ་གཉིས་མཇལ་མོལ་གནང་འདུག

2021-09-22
Share
ཨ་མི་རི་ཀའི་སྲིད་འཛིན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་རྣམ་གཉིས་མཇལ་མོལ་གནང་འདུག ཨ་མི་རི་ཀའི་སྲིད་འཛིན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་རྣམ་གཉིས་མཇལ་མོལ་གནང་སྐབས། ༩།༢༠།༢༡
AP

ཨ་མི་རི་ཀའི་སྲིད་འཛིན་(Biden)་མཆོག་གིས་འདི་ཚེས་༢༠་རེས་གཟའ་ཟླ་བའི་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་(Antonio Guterres)་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྲིད་འཛིན་(Biden)་གྱིས་སྤྱི་ཁྱབ་དྲུང་ཆེ་མཆོག་དང་ངོས་གཉིས་ཀ་འགྲོ་བ་མིའི་རང་དབང་དང་རིན་ཐང་དེ་གལ་ཆེན་པོ་ཞིག་ཡིན་པ་རྩ་འཛིན་བྱེད་མཁན་ཞིག་ཡིན་པ་དང་། རྩ་དོན་དེ་ནི་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་འདི་འཛུགས་དགོས་དོན་དེ་ཡང་ཡིན་པ་གསུངས་ཡོད་པ་རེད།
རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་སྲིད་འཛིན་(Biden)་དང་མཇལ་འཕྲད་ཀྱི་སྔོན་གསར་འགོད་ལྷན་ཚོགས་ཐོག ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱི་བར་ད་སྐབས་གྲང་དམག་གི་དུས་སྐབས་འདྲ་བའི་མི་མཐུན་པའི་འགལ་ཟླའི་དཀའ་ངལ་ཁག་ཡོད་པ་སེལ་ཐབས་བྱས་ནས་འཛམ་གླིང་སྤྱིའི་བདེ་རྩར་དགོངས་པ་བཞེས་དགོས་པའི་རེ་འདུན་འདོན་གནང་ཡོད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་(Biden)་གིས་རྒྱ་ནག་ཐད་ལ་གཟིགས་ཕྱོགས་དེ་སྲིད་འཛིན་གོང་མ་(Trump)་དང་མཚུངས་པའི་སྲིད་བྱུས་ཧ་ཅང་མཁྲེགས་པོ་ཞིག་འཛིན་གྱི་ཡོད་པ་དང་། དམིགས་བསལ་རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་ནང་དོན་གནས་ཚུལ་སྐོར་ད་ལྟའང་ཁ་གསལ་གཏིང་གསལ་ཞིག་གསལ་སྟོན་བྱེད་ཀྱི་མེད་པ་སོགས་རྩ་དོན་དུ་མ་ཞིག་ཐོག་རྒྱ་ནག་ལ་ཡིད་ཆེས་ཐུབ་དཀའ་བའི་དགོངས་ཚུལ་གསུངས་ཀྱི་ཡོད་པ་རེད།
དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་རྗེས་སུ། ཨ་རིའི་སྲིད་འཛིན་ལས་ཁུངས་ཀྱིས་སྤྱི་བསྒྲགས་སྤེལ་བའི་ནང་། ཨ་མི་རི་ཀ་དང་རྒྱལ་ཚོགས་གཉིས་མཉམ་རུབ་ཀྱིས་ཐོུང་གིས་རྩ་ཆེར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་ཚོགས་ཀྱི་རང་དབང་། རྒྱལ་སྤྱིའི་ཁྲིམས་སྒྲིག དམངས་གཙོའི་ལམ་ལུགས་སྲུང་སྐྱོབ་བཅས་ད་ལྟ་རྒྱལ་སྤྱིའི་ནང་འཕྲད་བཞིན་པའི་དཀའ་ངལ་ཁག་ལ་གདོང་ལེན་གནང་ཕྱོགས་ཀྱི་གནད་དོན་ཁག་ཅིག་ཐོག་བཀའ་མོལ་གནང་རྒྱུ་བྱུང་སྐོར་གསུངས་ཡོད་པ་རེད།
དེའི་ཁྲོད་དམིགས་བསལ་དབུ་ཁྲིད་རྣམ་གཉིས་ཀྱི་བར་ཏོག་དབྱིབས་ནད་ཡམས་མེད་པ་བཟོ་ཐབས་དང་། ཕྱིས་འབྱུང་འཛམ་གླིང་ནང་མང་ཚོགས་ལ་འཕྲད་སྲིད་པའི་འཕྲོད་བསྟེན་གྱི་ཉེན་ཚབས་ཁག་འགོག་ཐབས་ཀྱི་ཐབས་ལམ། གོ་ལའི་གནམ་གཤིས་ཚ་དྲོད་ཆེ་རུ་མི་འགྲོ་བཞིན་པ་འགོག་ཐབས་དང་། འཛམ་གླིང་ནང་ཟས་རིགས་ཀྱི་དཀའ་ངལ་མི་ཡོང་བའི་ཐབས་ཤེས། གཞན་ཡང་རྩོད་རྙོག་འདུམ་སྒྲིག་དང་། མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་པའི་རྩ་དོན་རིམ་པ་དུ་མའི་ཐོག་བཀའ་མོལ་ལྷུག་པོ་གནང་རྒྱུ་བྱུང་སྐོར་བཀོད་ཡོད་པ་རེད།

གསར་འགོད་པ། བློ་བཟང་ཡེ་ཤེས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།