རྒྱ་ནག་གཞུང་གིས་ཁེ་ཎ་ཌའི་གཞུང་ཚབ་མི་སྣ་འབྱོར་ལྡན་པ་ཞའོ་ཡི་ཁྲིམས་ཞིབ་སར་ཡོང་རྒྱུ་ངོས་ལེན་བྱས་མི་འདུག
དེ་ཡང་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནང་ཡོད་པའི་ཁེ་ཎ་ཌའི་གཞུང་ཚབ་ཀྱིས་ཉེ་ལམ་གསལ་བསྒྲགས་ཤིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང་། ལོ་ངོ་ལྔའི་གོང་ཧོང་ཀོང་ནང་ནས་གར་སོང་ཆ་མེད་དུ་གྱུར་བའི་རྒྱ་རིགས་འབྱོར་ལྡན་པ་ཞའོ་ཅན་ཧྭ་(Xiao Jianhua)་གཟའ་ཟླ་བའི་ཉིན་རྒྱ་ནག་ནང་ཁྲིམས་ཞིབ་བྱེད་རྒྱུའི་འཆར་གཞི་ཡོད་པར་བརྟེན་ཁེ་ཎ་ཌའི་གཞུང་ཚབ་ཁང་གི་དཔོན་རིགས་ཀྱིས་ཞའོ་ལ་ཐུག་འཕྲད་ཡོང་ཐབས་འབད་བརྩོན་བྱེད་བཞིན་པ་དང་། ཁེ་ཎ་ཌ་གཞུང་གིས་ཞའོ་ལ་ཁྲིམས་ཞིབ་བྱེད་པའི་སྐབས་ཁེ་ཎ་ཊའི་གཞུང་ཚབ་ལས་ཁང་གི་དཔོན་རིགས་མཉམ་ཞུགས་བྱ་རྒྱུའི་དགོས་འདུན་ཐེངས་མང་བཏོན་ཡོད་ཀྱང་རྒྱ་ནག་གཞུང་གིས་དེར་ངོས་ལེན་བྱས་མེད་པའི་སྐོར་ཁེ་ཎ་ཌའི་གཞུང་ཚབ་ལས་ཁང་གི་ཕྱི་འབྲེལ་འབྲེལ་ལམ་སློབ་སྟོན་པ་(Nadia Scipio del Campo)་ཀྱི་མིང་ཐོག་ནས་གསར་འགོད་པའི་དྲི་བར་ལན་འདེབས་གནང་བ་གསལ་བསྒྲགས་ནང་བཀོད་ཡོད་པ་དང་། སྒེར་གྱི་གསང་བའི་གནས་ཚུལ་ཕྱིར་གྱར་མི་འགྲོ་རྒྱུར་ཁེ་ཎ་ཌའི་གཞུང་ཚབ་ལས་ཁང་གིས་བསམ་ཞིབ་ཀྱིས་ཞིབ་ཕྲའི་གནས་ཚུལ་བརྗོད་ཐབས་མེད་པ་འགྲེལ་བརྗོད་བྱས་ཡོད་འདུག
གཟའ་ཟླ་བའི་ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པས་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཀྲའོ་ལིས་ཅན་ལ་ཞའོ་ཡི་གྱོད་དོན་སྐོར་སྐད་ཆ་དྲིས་སྐབས། ཁོང་གིས་གནས་ཚུལ་དེར་རྒྱུས་མངའ་མེད་ལུགས་བཤད་ནས་ལན་འདེབས་གང་ཡང་བྱས་མེད་པ་རེད།
འབྱོར་ལྡན་པ་ཞའོ་ཅན་ཧྭ་ནི་རྒྱ་ནག་ནང་སྐྱེས་ཤིང་ཁེ་ཎ་ཌའི་མི་སེར་ཡིན་པ་དང་། རྒྱ་ནག་གི་དཔོན་རིགས་དང་གལ་ཆེའི་མི་སྣ་མང་པོ་དང་འབྲེལ་བ་ཡོད་པ་དང་། ཕྱི་ལོ་༢༠༡༧ལོར་རྒྱ་ནག་གི་དཔོན་རིགས་ནས་སྒེར་གཉེར་ཁེ་ལས་པ་ཚོར་རྡུང་རྡེག་གི་ལས་འགུལ་ཁྲོད་གཞུང་ཕྱོགས་ནས་ཞིབ་བཤེར་བྱེད་ཡུལ་དུ་གྱུར་བའི་རྗེས་ཁོང་གར་སོང་ཆ་མེད་དུ་གྱུར་བ་དང་། ཞའོ་དང་འབྲེལ་ལམ་ཡག་པོ་ཡོད་པའི་མི་སྣ་ཞིག་གིས་ཞའོ་གར་སོང་ཆ་མེད་དུ་གྱུར་བའི་ཉིན་གཅིག་གི་རྗེས། ཞའོ་ཧོང་ཀོང་གི་མགྲོན་ཁང་ཞིག་ནས་གདོང་ལ་རས་ནག་པོ་གཡོག་ནས་རྐང་པ་ནད་པ་སྡོད་སའི་རྐུབ་སྟེགས་འཁོར་ལོའི་ནང་བཞག་ནས་ཕྱིར་ཁྲིད་པའི་གནས་ཚུལ་རོའུ་ཊར་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་འདུག
རྒྱ་ནག་གི་འབྱོར་ལྡན་པ་ཞའོ་ཅན་ཧྭ་ཕྱི་ལོ་༢༠༡༦ལོར་ཝུའུ་རུན་ཟེར་བའི་རྒྱ་ནག་གི་འབྱོར་ལྡན་པའི་མིང་གཞུང་ནང་ཨང་༣༢པར་སླེབས་ཡོད་པ་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།