རྒྱ་ནག་གཞུང་གིས་བོད་ནང་ཆོས་ལུགས་སྲོལ་ཡིག་ཟེར་བ་བསྐྱར་བཅོས་ཁ་སྣོན་བྱས་ནས་དོ་དམ་དུ་བཏང་འདུག

2021.10.06
Share on WhatsApp
Share on WhatsApp
རྒྱ་ནག་གཞུང་གིས་བོད་ནང་ཆོས་ལུགས་སྲོལ་ཡིག་ཟེར་བ་བསྐྱར་བཅོས་ཁ་སྣོན་བྱས་ནས་དོ་དམ་དུ་བཏང་འདུག ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་བསྟན་པའི་ལྷ་སའི་ནང་བསྟན་སློབ་གླིང་གི་དགེ་འདུན་པའི་འཛིན་གྲྭ་ཞིག ༥།༣༡།༢༡
Reuters

རྒྱ་ནག་གཞུང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ཟླ་༡༠་ཚེས་༡་ནས་བཟུང་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག་ཟེར་བ་བསྐྱར་བཅོས་དང་གསར་སྣོན་བཅས་ལག་བསྟར་འགོ་འཛུགས་བྱས་པའི་ནང་། ཆོས་ལུགས་ལས་རིགས་ཀྱིས་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་སྐབས་སྲིད་གཞུང་ལ་ཡར་ཞུས་བྱ་དགོས་པ་ལས་གང་བྱུང་སྤེལ་མི་ཆོག་པ་དང་། དེ་བཞིན་དགོན་པ་ཁག་གིས་སློབ་མ་བསྡུ་ལེན་སྐབས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡར་ཞུ་དང་ཐོ་འགོད་སོགས་བྱ་དགོས་པའི་དོན་ཚན་ཁག་ཅིག་གསར་སྣོན་བྱས་འདུག དེའི་ཐད་བོད་གནས་ལྟ་ཞིབ་ཁང་གི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས། རྒྱ་ནག་གཞུང་གིས་སྲིད་གཞུང་གི་ཆོག་མཆན་མང་པོ་ཞིག་ལ་ཁ་གཡར་ནས་ཆོས་ལུགས་རང་དབང་ཐད་རྡོག་རོལ་གཏོང་བཞིན་པས་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཁག་ཏུ་གསལ་བའི་ཆོས་ལུགས་དད་མོས་རང་དབང་ཟེར་བ་ནི་རྫུན་མ་ཆགས་བཞིན་ཡོད་པ་མངོན་གསལ་ཡིན་སྐོར་གསུངས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་བྱུང་།
ཆོས་ལུགས་སྲོལ་ཡིག་ཟེར་བ་དེའི་ནང་། དགོན་པ་ཁག་གིས་གང་འདོད་དུ་ནར་མ་སོན་པའི་བྱིས་པ་ཆོས་སྒོར་དང་ཆོས་ལུགས་བྱེད་སྒོར་ཞུགས་འཇུག་མི་ཆོག་པ་དང་། ཆོས་ལུགས་སློབ་མ་བསྡུ་སྐབས་ངེས་པར་དུ་སྔོན་ལ་སློབ་གསོ་སྦྱོང་བརྡར་སྤྲོད་དགོས་སྐོར་སོགས་བཀོད་འདུག ཝཎ་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་དགེ་བཤེས་ལྷག་པ་ཚེ་རིང་ལགས་ནས། དེ་སྔ་ཡིན་ན་ཕྲུ་གུ་ཆོས་སྒོར་ཞུགས་པར་ཕ་མ་དང་དགེ་རྒན་ལ་མོས་མཐུན་བྱུང་བ་ཡིན་ན་ཡོད་ཚད་རང་དབང་ཡིན་ན་ཡང་། ད་ལྟའི་ཆར་ཕྲུ་གུ་ཚོ་ཆོས་སྒོ་དང་དགོན་པར་ཞུགས་པར་སྲིད་གཞུང་གི་ཆོག་མཆན་དགོས་ཟེར་བ་སོགས་ནི་ཆོས་ལུགས་དད་མོས་རང་དབང་ཐད་མ་རུང་བའི་བྱ་སྤྱོད་ཅིག་དང་། བོད་པའི་མི་རབས་གསར་བ་ཚོ་དང་ཆོས་ལུགས་དབར་རྒྱང་ཐག་རིང་དུ་གཏོང་ཐབས་ཀྱི་ངན་བྱུས་ཤིག་ཡིན་སྐོར་གསུང་བྱུང་།
ཐེངས་འདིར་རྒྱ་ནག་གཞུང་གིས་བསྐྱར་བཅོས་གསར་སྣོན་བྱས་པའི་མཚོ་སྔོན་ཞིང་ཆེན་ཆོས་ལུགས་སྲོལ་ཡིག་ཟེར་བ་དེ། ཕྱི་ལོའི་ཕྱི་ཟླ་༧་ཚེས་༢༨་ཉིན་མཚོ་སྔོན་ཞིང་ཆེན་མི་མང་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པའི་ཐོག་ཆོག་མཆན་སྤྲད་པ་ལྟར། ཕྱི་ཟླ་༡༠་ཚེས་༡་ནས་བཟུང་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་དང་། དེ་སྔ་ཕྱི་ལོ་༢༠༠༩་ལོའི་ཆོས་ལུགས་སྲོལ་ཡིག་ཟེར་བར་ལེའུ་༨་དང་ནང་གསེས་དོན་ཚན་༥༤་ཙམ་ལས་མེད་ན་ཡང་། ཐེངས་འདིར་གཏན་འབེབ་བྱས་པའི་ཆོས་ལུགས་སྲོལ་ཡིག་ཟེར་བ་དེའི་ནང་ལེའུ་༩་དང་ནང་གསེས་དོན་ཚན་༧༡་ཡོད་པ་ལས། ཆོས་ལུགས་བྱེད་སྒོ་གང་བྱུང་སྤེལ་མི་ཆོག་པ་དང་། བྱིས་པ་ཆོས་སྒོར་ཞུགས་མི་ཆོག་པ། གཞན་ཡང་ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་བར་ཕྱོགས་ཡོངས་ནས་འབད་བརྩོན་དགོས་པ་སོགས་ཁག་ཅིག་ཁ་སྣོན་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་རྒྱ་ནག་ཐད་ལངས་ཕྱོགས་འཛིན་སྟངས་ལ་ཕྱོགས་འགལ་ཚོགས་པས་སྐྱོན་བརྗོད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎