ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༧གོང་ས་མཆོག་དང་མཇལ་མོལ།
2018.02.01
ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་བཞུགས་སྒར་དུ་ཕེབས་ནས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་མཇལ་མོལ་གནང་འདུག
དེ་ཡང་ཕྱི་ཟླ་ ༢ ཚེས་ ༡ ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Jai Ram Thakur)་མཆོག་བཞུགས་སྒར་དུ་ཕེབས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕོ་བྲང་དུ་སྟོན་འཁོར་དང་ལྷན་མཇལ་བཅར་ཞུས་ཡོད་པ་དང་། མཇལ་འཕྲད་དེའི་སྐབས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཁྱབ་བློན་ཆེན་མཆོག་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་ཕྱག་རྟགས་གསོལ་སྩལ་མཛད་པ་དང་སྦྲགས་ ༧གོང་ས་མཆོག་གིས་ཁོར་ཡུག་དང་འཐུང་ཆུའི་དཀའ་ངལ་རིགས་སེལ་ཐབས་སུ་ཕུགས་རྒྱང་རིང་པོའི་བསམ་བློ་གཏོང་དགོས་པ་མ་ཟད། རྒྱ་གར་གྱི་གནའ་རབས་སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་བའི་ལེགས་བཤད་དེ་དག་ཧ་ཅང་གལ་ཆེན་པོ་ཡིན་སྟབས་བདག་གཅེས་བྱ་རྒྱུའི་ཐོག་འབད་བརྩོན་གནང་གལ་ཆེ་བའི་སྐོར་དང་། ལེགས་བཤད་དེ་དག་མིའི་བསམ་བློའི་འཕྲོད་བསྟེན་དང་འབྲེལ་བ་ཡོད་པར་བརྟེན་མགོན་པོ་གང་ཉིད་མཆོག་གིས་ཀྱང་དེང་དུས་ཤེས་ཡོན་ལམ་ལུགས་ནང་། ལེགས་བཤད་དེ་དག་ལ་གཞི་བཅོལ་བའི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏོང་ཐབས་མཛད་བཞིན་ཡོད་སྐོར་བཀའ་སྩལ་གནང་འདུག
གཞན་ཡང་ ༧གོང་ས་མཆོག་གིས་རྒྱ་གར་འཕགས་པའི་ཡུལ་འདིའི་ནང་འཛམ་གླིང་འདིའི་སྟེང་གི་ཆོས་བརྒྱུད་ཆེ་ཁག་ཕལ་མོ་ཚང་ཡོད་རུང་རྒྱ་གར་གྱི་ཕ་མེས་ཀྱི་ཆོས་རྩིས་ན་ལོ་ངོ་སྟོང་ཕྲག་གསུམ་གྱི་རིང་རྒྱ་གར་ནང་གསར་དུ་བྱུང་བའི་གྲངས་ཅན་པ་དང་། གཅེར་བུ་བ། སངས་རྒྱས་པའི་ཆོས་སོགས་ཆོས་བརྒྱུད་མང་པོ་ཞིག་རྒྱ་གར་འཕགས་པའི་ཡུལ་ནས་བྱུང་ཡོད་ཅིང་། པར་སི་དང་། ཇིའུ་། ཡེ་ཤུ། ཁ་ཆེ་སོགས་ཕྱི་ནས་བྱུང་བ་ཞིག་ཡིན་པ་དྲན་སྐུལ་གནང་པའི་ཐོག་རྒྱ་གར་ནང་ཆོས་བརྒྱུད་འདི་དག་ཚང་མ་མུ་མཐུད་གནས་བཞིན་ཡོད་པ་གསུངས་འདུག་ལ་དེང་སྐབས་འཛམ་གླིང་འདིའི་སྟེང་རྒྱལ་ཁབ་གཅིག་གི་ནང་། འཛམ་གླིང་གི་ཆོས་ལུགས་ཚང་མ་ཡོད་པ་དང་། དེ་དག་གི་ནང་རྙོག་དྲ་རེ་ཟུང་ཡོང་གི་རེད་ལ་ཡོང་སྲིད་པ་ཞིག་ཀྱང་རེད། སྤྱི་ཡོངས་ཀྱི་ཆ་ནས་ཆོས་ལུགས་གཅིག་གིས་གཅིག་ལ་བརྩི་བཀུར་བྱས་ནས་འགྲོ་རྒྱུ་ནི་འཛམ་གླིང་འདིའི་སྟེང་རྒྱ་གར་མིག་དཔེ་ལྟ་བུ་ཆགས་ཡོད་པ་སོགས་གསུངས་གནང་འདུག
དེ་བཞིན་ཕྱི་ཟླ་ ༡ ཚེས་ ༣༡ ཉིན་རྡ་ཤོད་དུ་ཧི་མ་ཅཱལ་མངའ་སྡེ་གཞུང་གི་མགྲོན་ཁང་དུ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་ཚོགས་གཞོན་ཡེ་ཤེས་ཕུན་ཚོགས་མཆོག སྤྱི་འཐུས་དགེ་བཤེས་ཨ་འབྲུག་ཚེ་བརྟན་ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས། སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་བཅས་ཀྱིས་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Jai Ram Thakur)་མཆོག་དང་མཇལ་འཕྲད་གནང་ཡོད་འདུག ཁོང་རྣམ་པས་རྒྱ་གར་གཞུང་དམངས་གཉིས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་པ་དང་། མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་གནང་བར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས། མ་འོངས་པར་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་དང་། བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་འདུག་པ་མ་ཟད། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་སྐབས་སྤྱི་ཁྱབ་བློན་ཆེན་མཆོག་ཆེད་ཕེབས་གནང་རྒྱུའི་ཞལ་བཞེས་ཡང་གནང་ཡོད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།