རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་དམ་དྲག་དང་བོད་མི་ཁག་གཅིག་འཛིན་བཟུང་།


2019-10-03
Share
ལྷ་སར་ཉེན་རྟོག་པ་དང་ལས་བྱེད་པས་སྐོར་སྲུང་བྱེད་བཞིན་པ། ༢༠༡༩།༩ ལྷ་སར་ཉེན་རྟོག་པ་དང་ལས་བྱེད་པས་སྐོར་སྲུང་བྱེད་བཞིན་པ། ༢༠༡༩།༩
སྤྱི་ཚོགས་དྲ་ལམ།

རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་བོད་ནང་གང་སར་དམ་དྲག་ཇེ་ཆེར་བཏང་བ་དང་བོད་མི་ཁག་གཅིག་འཛིན་བཟུང་བྱས་ཡོད་འདུག
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་༧༠་འཁོར་བའི་དུས་སྟོན་སྔ་ནུབ་བོད་ནང་དམ་དྲག་གིས་བོད་མི་འཛིན་བཟུང་དང་། བོད་མི་དང་ལས་བྱེད་རྒས་ཡོལ་ཚོར་བཙན་གྱིས་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་གླུ་གཞས་བཏང་བཅུག་འདུག
དེ་ཡང་ཨ་མི་རི་ཀ་ནས་ཉེ་ཆར་བོད་ནང་གཉེན་འཕྲད་དུ་ཕེབས་ནས་ཕྱིར་ལོག་གནང་བའི་བོད་མི་ལྷུན་གྲུབ་རྡོར་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་༧༠་ཐམ་པ་འཁོར་བའི་དུས་སྟོན་གྱི་སྔ་ནུབ་བོད་ཀྱི་རྒྱལ་ས་ལྷ་སར་ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ནས་བོད་མི་མང་པོ་འཛིན་བཟུང་བྱས་བ་དང་། དེ་བཞིན་སྐད་འཕྲིན་གྱི་ཁུག་དམར་བརྒྱུད་ནས་རྒྱ་གར་ནང་ཡོད་པའི་རང་ཉིད་ཀྱི་སྤུན་མཆེད་ལ་དངུལ་བསྐུར་མཁན་གཞོན་སྐྱེས་འགའ་ཤས་ཞིག་འཛིན་བཟུང་བྱས་ཡོད་པ་ངོ་སྤྲོད་གནང་བྱུང་།
ཡང་ཁོང་གིས། བོད་ནང་གི་དགོན་སྡེ་ཁག་གི་དགེ་འདུན་པ་དང་། ལས་བྱེད་རྒས་ཡོལ་ཚོར་རྒྱ་ནག་གུང་ཁྲན་གཞུང་ལ་དགའ་ཞེན་ཡོད་པའི་རྒྱ་ནག་གི་གླུ་གཞས་སྦྱོང་བརྡར་བྱེད་དུ་བཅུག་ནས་བརྙན་ལེན་པ་དང་། གང་སར་རྒྱལ་དར་བསྒྲེངས་འཛུགས་བྱེད་དུ་བཅུག་པ་སོགས་བྱས་ཡོད་པ་མ་ཟད། ལྷ་སའི་བར་སྐོར་ནང་བསྐྱོད་རྒྱུར་ཕྱི་ཟླ་དགུ་པའི་ཚེས་ཤར་ནས་བཟུང་དམ་དྲག་ཆེ་རུ་བཏང་བ་ངོ་སྤྲོད་གནང་ཡོད།
སྤྱིར་ད་ཐེངས་རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་རྒྱ་ནག་རྒྱལ་ཡོངས་དང་། དམིགས་བསལ་བོད་དང་ཤར་ཏུ་ཀི་སི་ཐན་སོགས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ལ་དམ་དྲག་དོགས་ཟོན་ཆེ་བ་བྱས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།