༄༅༎རྒྱ་ནག་གཞུང་གིས་༢༠༠༨་ཀྱི་བོད་མིའི་ཞི་རྒོལ་ཆེན་མོའི་དོན་རྐྱེན་དང་འབྲེལ་མདོ་དབུ་ཁམས་གསུམ་གྱི་ས་ཁུལ་གང་ཡོད་ནས་བོད་མི་ཆེས་མང་པོ་འཛིན་བཟུང་གི་རྗེས་བོད་མི་མང་པོ་ཞིག་གར་སོང་ཆ་མེད་གྱུར་ཡོད་པར་ གར་སོང་ཆ་མེད་གྱུར་བའི་བོད་མི་རྣམས་ཀྱི་གནས་སྟངས་སྐོར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གནད་དོན་ངོ་སྤྲོད་གང་ཡང་མེད་པར་གནས་ཡོད་པའི་སྐོར་ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་(Human Rights Watch)གིས་ཁ་ས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་ཞིག་གནང་ཡོད་པ་རེད་
དེ་ཡང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ཁ་ས་ཧོང་ཀོང་ནང་གསར་འགོད་ལྷན་ཚོགས་ཤིག་བརྒྱུད་རྒྱ་ནག་གཞུང་གིས་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་དང་གཞན་ཡང་བོད་དང་ཤར་ཏུར་ཀིས་ཐན་བཅས་ཀྱི་མངའ་ཁུལ་ནས་ས་ཁུལ་མི་མང་ལ་དྲག་གནོན་གྱིས་མི་མང་པོ་ཞིག་འཛིན་བཟུང་གིས་གར་སོང་ཆ་མེད་གཏོང་བཞིན་པའི་གནས་ཚུལ་ཛ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་པའི་སྐོར་སྐྱོན་བརྗོད་དྲག་པོ་ཞིག་གནང་ཡོད་ཅིང་ བོད་ནང་གི་གནས་སྟངས་ལ་མཚོན་ན་རྒྱ་ནག་གཞུང་གིས་༢༠༠༨ཀྱི་ཕྱི་ཟླ་༣་པའི་ནང་བོད་མིའི་ཞི་རྒོལ་གྱི་རྗེས་བོད་མི་སྟོང་ཕྲག་མང་པོ་འཛིན་བཟུང་བྱས་ཏེ་ཡོད་ནའང་འཛིན་བཟུང་བྱས་པའི་བོད་མི་རྣམས་ཀྱི་བཙོན་དུས་སམ་ཡང་ན་དོ་དམ་བཀག་གཉར་གང་དུ་བྱས་ཡོད་མེད་སོགས་ཀྱི་སྐོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ དེ་བཞིན་ཨ་མི་རི་ཀའི་དང་གཞན་ཡང་རང་དབང་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་བཅས་པ་གང་ལའང་གནས་ཚུལ་ངོ་སྤྲོད་བྱེད་ཀྱི་མེད་པའི་སྐྱོན་བཙུགས་གནང་ཡོད་པ་རེད་
འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་སྐྱོན་བརྗོད་ནང་རྒྱ་ནག་གཞུང་གིས་༢༠༠༨ ནས་ བོད་ནང་བོད་མི་འཛིན་བཟུང་གི་རྗེས་བོད་མི་མང་པོ་ཞིག་གར་སོང་ཆ་མེད་གྱུར་ཡོད་པ་ལྟར་ ཤིང་ཅང་ནང་དུའང་ ༢༠༠༩འི་མི་མང་གྱེན་ལངས་ཀྱི་ལས་འགུལ་རྗེས་ཕྱོགས་མཚུངས་མངའ་ཁུལ་ཡུལ་མི་གང་བྱུང་འཛིན་བཟུང་གིས་གར་སོང་ཆ་མེད་གཏོང་བཞིན་ཡོད་པའི་སྐྱོན་བཙུགས་གནང་ཡོད་པ་རེད་
འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་གཞུང་གི་སྲུང་སྐྱོབ་ཚན་པས་མི་མང་འཛིན་བཟུང་རྗེས་འཛིན་བཟུང་བྱས་པའི་མི་མང་ས་གནས་གང་དུ་དོ་དམ་བཀག་གཉར་ཡོད་མེད་སྐོར་འབྲེལ་ཡོད་ཁྱིམ་ཚང་ལ་གནས་ཚུལ་མཁོ་སྤྲོད་མ་གནང་བའམ་ ཡང་ན་་མི་་འཛིན་བཟུང་བྱས་པ་ངོས་ལེན་ཡང་མ་བྱས་པ་འདི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་གྱི་ཡོད་པ་དང་ རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་གཞིར་རྩ་འཛིན་བྱ་རྒྱུའི་ཚབ་ ད་ཆ་རྒྱ་ནག་གི་ནག་ཉེས་ཁྲིམས་གཅོད་ཀྱི་ཁྲིམས་གཞིར་བཅོས་བསྒྱུར་བཏང་སྟེ་ཁྲིམས་འགལ་གྱི་བྱ་བ་དེ་ཡང་ཁྲིམས་མཐུན་གྱི་ངོ་བོར་འགྱུར་ཐབས་བྱེད་བཞིན་ཡོད་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནད་དོན་འགན་འཁུར་གནང་མཁན་ལྕམ་སུ་ཕི་ཡ་རི་ཅྷཊ་སེན་གྱིས་རྒྱ་ནག་གཞུང་གི་གནང་ཕྱོགས་ལ་སྐྱོན་བརྗོད་ཤུགས་ཆེ་ཞིག་གནང་ཡོད་པ་རེད་
