རྒྱ་དཀར་ནག་གི་ས་མཚམས་ཁུལ་གྱི་བོད་པའི་ཁྱིམ་ཚང་རེ་རེ་ནས་ཁྱིམ་མི་གཅིག་ངེས་པར་དུ་བཅིངས་གྲོལ་དམག་ཁོངས་སུ་ཞུགས་དགོས་པའི་བཀོད་ཁྱབ་བཏང་ཡོད་པ།

2021-07-31
Share
རྒྱ་དཀར་ནག་གི་ས་མཚམས་ཁུལ་གྱི་བོད་པའི་ཁྱིམ་ཚང་རེ་རེ་ནས་ཁྱིམ་མི་གཅིག་ངེས་པར་དུ་བཅིངས་གྲོལ་དམག་ཁོངས་སུ་ཞུགས་དགོས་པའི་བཀོད་ཁྱབ་བཏང་ཡོད་པ། བོད་ནང་རྒྱ་ནག་གི་བཅིངས་གྲོལ་དམག་མིས་སྦྱོང་བརྡར་བྱེད་བཞིན་པ།
རོཡི་ཊརས།

INDIA TODAY TV ཞེས་པའི་རྒྱ་གར་གྱི་བརྙན་འཕྲིན་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་ནས་རྒྱ་ནག་བཅིངས་གྲོལ་དམག་ཁོངས་སུ་ས་མཚམས་ཁུལ་གྱི་བོད་རིགས་ན་གཞོན་བསྡུ་སྐོང་བྱེད་པའི་ལས་གཞི་དེ་འདི་ལོ་ཕྱི་ཟླ་༡དང་༢པ་ནས་བཟུང་འགོ་འཛུགས་བྱས་ཡོད་པ་རེད། ལས་གཞི་དེ་ལྟར་འགོ་འཛུགས་བྱ་དགོས་དོན་ནི་སྔ་ལོ་རྒྱ་གར་བྱང་ཕྱོགས་ཀྱི་ལ་དྭགས་ཀྱི་གྷལ་ཝན་ལུང་གཤོང་དུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་དབར་གདོང་ཐུག་འཁྲུག་རྩོད་བྱུང་བའི་གནས་སྟངས་དང་དེ་རྗེས་ལ་དྭགས་སྤང་གོང་མཚོའི་ས་མཚམས་ཁུལ་དུ་བོད་རིགས་ལས་གྲུབ་པས་རྒྱ་གར་གྱི་དམག་སྒར་ཨང་༢༢པའི་དམག་ཞབས་པ་ཚོའི་ས་མཚམས་ས་ཁུལ་དུ་རྒྱ་ནག་གི་བདག་བཟུང་བྱས་པའི་གནད་འགག་ཅན་གྱི་ས་ཚིགས་ཕྱིར་འཕྲོག་བྱས་པའི་དམག་རྩལ་གྱི་བྱས་རྗེས་ལ་བརྟེན་ནས་བོད་ཁུལ་ནས་བོད་རིགས་དམག་མི་བསྡུ་སྐོང་བྱེད་སྒོ་ཚུགས་ཡོད་པ་རེད། གོང་གསལ་བརྙན་འཕྲིན་ལས་ཁང་གིས་རྒྱ་གར་གྱི་གཞུང་འབྲེལ་མི་སྣས་གསུངས་པའི་གནས་ཚུལ་ལུང་འདྲེན་བྱས་པར། རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གི་མཐའ་མཚམས་ས་ཐིག་ཕྱོགས་སུ་ཁེལ་བའི་བོད་ཀྱི་གྲོང་ཚོ་ཁག་གི་ཁྱིམ་ཚང་རེའི་ཁྱིམ་མི་གཅིག་ངེས་པར་དུ་བཅིངས་གྲོལ་དམག་མིར་ཞུགས་དགོས་པའི་བཀོད་ཁྱབ་བཏང་བ་དང་། བོད་རིགས་དམག་མི་དེ་དག་རིམ་བཞིན་རྒྱ་དཀར་ནག་དབར་གྱི་ས་མཚམས་ཁུལ་དུ་གཏན་འཇགས་འགྲེམས་འཇོག་བྱ་རྒྱུ་ཡིན་པ་གསལ་འདུག གནས་ཚུལ་ནང་མུ་མཐུད་གསལ་བར། རྒྱ་ནག་བཅིངས་གྲོལ་དམག་ཁོངས་སུ་མ་ཞུགས་གོང་བསྡུ་སྐོང་བྱས་པའི་བོད་མི་གཞོན་སྐྱེས་རྣམས་ལ་རྒྱ་ནག་དམར་ཤོག་ཚོགས་པར་ཡིད་ཆེས་བློ་གཏད་ཡོད་མིན་གྱི་འདྲི་རྩད་དང་། དེ་བཞིན་རྒྱའི་སྐད་ཡིག་སྦྱོང་བརྡར་སྤྲོད་བཞིན་ཡོད་འདུག གནས་ཚུལ་ནང་གསལ་བར། རྒྱ་ནག་གཞུང་ནས་རྒྱ་ནག་བཅིངས་གྲོལ་དམག་ཁོངས་སུ་བོད་རིགས་བསྡུ་སྐོང་བྱེད་པ་ནི་བོད་མི་རྣམས་ས་མཐོའི་གནས་བབས་དང་། གྲང་ངར་གྱི་ཁོར་ཡུག་ལ་རྒྱུས་མངའ་ཡོད་པར་བརྟེན་དེ་འདྲའི་ཁོར་ཡུག་ཅན་གྱི་རྒྱ་དཀར་ནག་ཟེར་འབོད་པའི་བོད་དང་རྒྱ་གར་གྱི་ས་མཚམས་ས་ཁུལ་དུ་ཆེད་མངགས་འགྲེམས་འཇོག་ཆེད་དུ་ཡིན་པ་གསལ་འདུག།

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།