༄༅༎རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་དང་ཏཱ་ལའི་ཤོག་ཁག་ཚོས་ནུབ་ཕྱོགས་ཡུལ་ཁག་གི་སྲིད་གཞུང་
ཁག་ལ་མགོ་སྐོར་བསླུ་འབྲིད་གཏོང་གི་ཡོད་སྐོར་སླར་ཡང་རྫོགས་མཐའ་མེད་པའི་སྐྱོན་བརྗོད་ཕར་མ་
བྱེད་བཞིན་ཡོད་པ་རེད་ དེ་ནི་རྒྱ་ནག་གཞུང་གིས་ཉིན་ཤས་གོང་རྒྱལ་སྤྱིའི་ཡུལ་ཁག་གི་གནོན་ཤུགས་འོག
བོད་ཀྱི་གནད་དོན་གྱི་སྐོར་བོད་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་
ཀྱི་ལྷན་གྲོས་མོལ་ཞུ་འདོད་ཀྱི་འདུན་པ་ཞིག་གསལ་བསྒྲགས་བྱས་ཡོད་ནའང་ བོད་མིའི་དབུ་ཁྲིད་
༧གོང་ས་མཆོག་ལ་སྐྱོན་བརྗོད་ཞུ་རྒྱུ་མཚམས་འཇོག་གང་ཡང་མེད་པར་མུ་མཐུད་ཞུ་བཞིན་ཡོད་པ་རེད་
དེ་ཡང་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་
ཆེད་རྩོམ་ཞིག་ནང་
བོད་ནང་བརྟན་ལྷིངས་མེད་པའི་དོན་རྐྱེན་གང་ཡོད་དེ་ ཏཱ་ལའི་ཤོག་ཁག་གིས་བརྩམས་པའི་ལས་འགུལ་ཞིག་ཡིན་པ་དང་ཏཱ་ལའི་ཤོག་ཁག་ཚོས་ལོ་ངོ་
ལྔ་བཅུ་ཙམ་ཡུལ་གྱར་དུ་བསྡད་པའི་མྱོང་ཚོར་ལས་ ནུབ་ཕྱོགས་ཡུལ་ཁག་གི་འདོད་ཚུལ་དང་འབྲེལ་འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེ་ ཁོར་ཡུག་སྲུང་སྐྱོབ་དང་ རིག་གཞུང་སོགས་ཁ་ལ་འཁྱེར་ཏེ་ནུབ་ཕྱོགས་པའི་དགོས་འདུན་སྒྲུབ་དང་ ནང་དོན་བོད་ཀྱི་དེ་སྔའི་ཞིང་བྲན་ལམ་ལུགས་ཀྱི་སྐོར་གང་ཡང་ཤོད་ཀྱི་མེད་སྐོར་དང་
ཡང་ཏཱ་ལའི་བླ་མས་བོད་རང་བཙན་རྩོད་ཀྱི་མེད་པ་དང་ རྒྱ་ནག་ལ་ཚུགས་རྒྱུའི་ཨོ་ལིམ་པིག་གི་རྩེད་འགྲན་ལ་རྒྱབ་སྐྱོར་ཡོད་སྐོར་བརྗོད་ཀྱི་ཡོད་ཀྱང་ དོན་དམ་ཏཱ་ལའི་ཤོག་ཁག་གིས་བཙན་བྱོལ་ནང་གཞུང་འཛིན་བཞིན་པ་དང་ བོད་མི་ཁ་བྲལ་བ་ཚོས་ཨོ་ལིམ་པིག་གི་དཔལ་འབར་བསྐོར་བསྐྱོད་ལ་འགོག་རྐྱེན་བཟོ་བཞིན་པ་དེས་ ཏཱ་ལའི་བླ་མའི་གོང་ཞུས་བཀའ་མོལ་དེ་དག་རྫུན་གཏམ་ཞིག་ཡིན་སྐོར་བཀོད་ཡོད་པ་རེད་ གནད་དོན་དབྱེ་ཞིབ་པ་ཚོས་གསུངས་ན་
རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་ཞུ་སྟངས་གང་ནས་དཔྱད་ཚེ་ རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་ཐད་ལྷག་བསམ་རྣམ་དག་གི་བཀའ་མོལ་ཞུ་འདོད་མེད་པ་དང་
རྒྱ་ནག་གཞུང་གི་འབོད་བརྩོན་དེ་ནི་ ཨོ་ལིམ་པིག་གི་རྩེད་འགྲན་གོ་སྒྲིག་ལེགས་བསྒྲུབ་ཀྱི་ཐད་ རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནོན་ཤུགས་ཆུང་དུ་གཏོང་ཐབས་ཤིག་ཡིན་སྐོར་གསུངས་ཀྱི་ཡོད་པ་རེད་༎