སོག་ཚང་དགོན་པའི་དགེ་འདུན་པ་གཉིས་ལ་ཁྲིམས་ཆད་བཏང་འདུག
2017.06.21
རྒྱ་ནག་གཞུང་གིས་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་གཉིས་ལ་ལོ་ངོ་ལྔ་དང་བཞི་ཡི་བཙོན་འཇུག་ཁྲིམས་ཆད་བཏང་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་དགུང་ལོ་༤༠ ་ལ་ཕེབས་པའི་གཞུང་གཉེར་དགེ་འདུན་གྲགས་པ་ལགས་དང་། དགུང་ལོ་༣༦ ལ་ཕེབས་པའི་དགོན་པའི་གཉེར་ཚང་གི་ལས་བྱེད་པ་བློ་བཟང་ཤེས་རབ་ལགས་གཉིས། རྒྱ་ནག་གི་ཉེན་རྟོག་པས་༢༠༡༦ ལོའི་ཕྱི་ཟླ་བརྒྱད་པའི་ཚེས་༢༡ ཉིན་གྱི་དགོང་མོར། སོག་ཚང་དགོན་པའི་ཤག་ནས་འཛིན་བཟུང་བྱས་པའི་རྗེས། ད་བར་ཁོང་གཉིས་གང་དུ་བཙོན་འཇུག་བྱས་ཡོད་མེད་དང་གནས་སྟངས་ཇི་ལྟར་ཡོད་མེད་སོགས་རྩད་གཅོད་མ་ཐུབ་པའི་གནས་སུ་ཡོད་ཅིང་། ད་རེས་ཕྱི་ཟླ་དྲུག་པའི་ཚེས་༡༧ གཡས་གཡོན་ཙམ་ལ། ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ས་ཁུལ་ཟེར་བའི་རྒྱལ་རོང་ཁྲོ་ཆུ་རྫོང་དུ། རྒྱ་ནག་གཞུང་གིས་ཁྲིམས་ར་ཚོགས་ཏེ། དགེ་འདུན་པ་ཁོང་གཉིས་ལ་རྒྱལ་ཁབ་ཁ་བྲལ་དང་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ལུགས་ཀྱི་ནག་ཉེས་བཙུགས་ཏེ་སྐུ་ཞབས་དགེ་འདུན་གྲགས་པ་ལགས་ལ་ལོ་ལྔ་བཙོན་འཇུག་དང་། བློ་བཟང་ཤེས་རབ་ལགས་སུ་ལོ་བཞི་ཡི་བཙོན་འཇུག་ཉེས་ཆད་ཐག་གཅོད་ཀྱིས་བཙོན་འཇུག་བྱས་ཡོད་འདུག
ཉིན་དེར་ཁོང་གཉིས་ལ་ཁྲིམས་ཐག་གཅོད་པའི་སྐབས་དག་འབུད་ཁྲིམས་རྩོད་པ་བྱེད་དབང་མེད་པ་དང་། དོ་བདག་སོ་སོའི་ངོས་ནས་དག་སེལ་གྱི་སྐད་ཆ་གང་ཡང་ཤོད་པའི་ཐོབ་ཐང་མེད་པའི་ཁར་ཕ་མ་སྤུན་མཆེད་དང་ཐུགས་འཕྲད་བྱེད་དུ་མ་བཅུག་པ་མ་ཟད། ཁྲིམས་རའི་ནང་ཟུར་ཉན་འགྲོ་མཁན་རྣམས་ལ་དམ་དྲག་ནན་པོ་བྱས་ཡོད་པའི་སྐོར་བོད་ནས་གནས་ཚུལ་ཁུངས་ལྡན་ངོ་སྤྲོད་གནང་མཁན་བྱུང་ཡོད་པ་ལུང་འདྲེན་གནང་ཡོད་པ་རེད།
ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་གྲགས་པ་ལགས་ནི་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་སྡེ་བའི་རིན་རྡོར་ཚང་ནས་ཡིན་པ་དང་། བློ་བཟང་ཤེས་རབ་ལགས་ནི་ཐང་སྐོར་སྒོ་སྐོར་གསེར་ཁྲི་སྡེ་བའི་དབང་འདུས་ཚང་གི་བུ་ཡིན་པ་རེད།
གསར་འགོད་པ་བློ་བྷེ། ཕབ་བཤུས་གཡུ་སྒྲོན།