བོད་ནང་ཡུལ་སྐོར་གྱི་བསྟི་གནས་འཛུགས་སྐྲུན་བྱ་འཆར།
2012.06.24
༄༅༎རྒྱ་ནག་གཞུང་གིས་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་མོན་རྟ་དབང་དང་ས་མཚམས་འཁེལ་ཡུལ་བོད་ཀྱི་ས་ཁུལ་ནང་དུ་ཡུལ་སྐོར་སྤྲོ་འཆམ་པའི་ལྟི་གནས་ཤིག་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་བྱེད་པ་མ་ཟད། འཛུགས་སྐྲུན་གྱི་ལས་གཞི་སོགས་ལ་ཨ་རིའི་ཌོ་ལར་ས་ཡ་༦༣ དང་གྲངས་ཆུང་༥ གཏོང་རྒྱུའི་འཆར་གཞི་ཡོད་པ་རེད།
དེ་རིང་རྒྱ་གར་གྱི་གསར་ཤོག་The Indian Express ཞེས་པས་། རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་གྱིས་འཛུགས་སྐྲུན་གྱི་ལས་གཞིའི་དེའི་ནང་མཉམ་ལས་བྱས་ཏེ་བོད་ཀྱི་ས་མཚམས་ས་ཁུལ་དེའི་ནང་ཡུལ་སྐོར་སྤྲོ་འཆམ་པའི་ལྟི་གནས་འཛུགས་སྐྲུན་ཆེད་རྒྱ་སྒོར་ས་ཡ་༤༠༠ ལྷག་མ་རྩ་འཛུགས་འཇོག་བྱ་རྒྱུའི་དམིགས་ཡུལ་བཙུགས་ཡོད་པའི་སྐོར་ཤིང་ཧྰ་གསར་ཤོག་ཐོག་བཀོད་ཡོད་པ་ལུང་འདྲེན་བྱས་ཡོད་པ་རེད། ད་དུང་ཕྱི་ཚེས་༢༣ ཉིན་བོད་ནང་གི་རྒྱ་ནག་གཞུང་གི་དཔོན་རིགས་ནས། མོན་རྟ་དབང་གི་ས་ཁུལ་དང་ས་མཚམས་འཁེལ་ཡུལ་ལྷོ་ཤར་བོད་ཀྱི་ས་ཁུལ་དེ་ནི། ཤིང་ནགས་ལྡན་པ། གངས་རི་དང༌། གཙང་ཆུ་དང་རྩ་ཐང་བཟང་བའི་ཡུལ་སྐོར་སྤྲོ་འཆམ་གྱི་ལྟི་གནས་འཛུགས་སྐྲུན་བྱ་རྒྱུའི་འཁོར་ཡུག་ཞིག་ཡིན་པ་བཤད་ཡོད་པ་མ་ཟད། ཤིང་ཧྰ་གསར་ཤོག་ལས་ཁང་གིས། རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་གཞུང་གིས་བོད་ཀྱི་ས་ཁུལ་དེའི་ནང་གི་ས་གནས་ཁག་བཞི་ནང་ཡུལ་སྐོར་སྤྲོ་ཆམ་པའི་ལྟི་གནས་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་བྱེད་པ་མ་ཟད། ས་ཁུལ་དེ་ནི་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་ཆམ་པའི་གྲོང་ཚོ་ཞིག་ཏུ་བཟོ་སྐྲུན་བྱ་རྒྱུར་ད་དུང་ཀོང་ཏུང་ཞིང་ཆེན་གཞུང་དང་ཚོང་ལས་ཁང་ཚོས་རྒྱ་སྒོར་ཐེར་འབུམ་གཉིས་ལྷག་གི་མ་རྩ་འཛུགས་འཇོིག་བྱ་རྒྱུ་ཡིན་པ་བཀོད་ཡོད་པ་རེད། རྒྱ་ནག་གཞུང་གིས་མོན་རྟ་དབང་གི་ས་ཁུལ་དེ་ནི་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་ཡིན་པ་ཤོད་བཞིན་པ་དང་རྒྱ་གར་ཕྱོགས་ནས་རྒྱ་གར་གྱི་བདག་དབང་ས་ཁུལ་ཡིན་པའི་རྩོད་གླེང་བྱེད་པའི་གནས་སྟངས་ལ་བརྟེན་ནས་ཕྱོགས་གཉིས་དབར་ས་མཚམས་རྩོད་རྙོགས་ཀྱི་དཀའ་ངལ་སེལ་ཐབས་ཀྱི་གྲོས་མོལ་བྱེད་བཞིན་ཡོད་ཀྱང་ད་བར་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་བྱུང་མེད་པ་རེད།།