རྡ་རམ་སཱ་ལར་འཛམ་གླིང་གི་ཁོར་ཡུག་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་ཚོགས་འདུ་ཞིག་འཚོགས་བཞིན་འདུག

2022.04.21
རྡ་རམ་སཱ་ལར་འཛམ་གླིང་གི་ཁོར་ཡུག་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་ཚོགས་འདུ་ཞིག་འཚོགས་བཞིན་འདུག རྡ་རམ་སཱ་ལར་འཛམ་གླིང་གི་ཁོར་ཡུག་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་ཚོགས་འདུ་ཞིག་འཚོགས་བཞིན་པའི་སྐབས། ༠༤།༢༡།༢༠༢༢
RFA/Dhasa

འདི་ཚེས་༢༢ཉིན་གོ་ལའི་ཉིན་མོ་ཡིན་པ་དང་བསྟུན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། ཡོ་རེཀ་(Eurac research)་ཉམས་ཞིབ་བསྟི་གནས་ཁང་བཅས་ཐུན་མོང་གིས་གོ་སྒྲིག་འོག བཞུགས་སྒར་རྡ་རམ་ས་ལར་ང་ཚོའི་འབྱུང་འགྱུར་གྱི་ཆེད་གོ་བསྡུར་དང་གནམ་གཤིས་འགྱུར་ལྡོག་གི་ཆེད་འབོད་སྐུལ་ཞེས་བའི་བརྗོད་གཞིའི་འོག་ཁོར་ཡུག་གི་ཚོགས་འདུ་ཞིག སྤྱི་ཟླ་༤པའི་ཚེས་༢༡ནས་ཉིན་གྲངས་གསུམ་རིང་ཚོགས་བཞིན་པ་དང་། སྐབས་དེར་རྒྱ་གར་ལ་དྭགས་སུ་བཅོས་མའི་འཁྱགས་རོམ་གསར་བསྐྲུན་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་པ་བསོད་ནམས་དབང་ཕྱུག་ལགས་ཀྱིས། ཧི་མ་ལ་ཡའི་འཁྱགས་པ་དུམ་བུ་ཞིག་འཁྱེར་ཏེ་ཚོགས་ཞུགས་གནང་བ་དང་འབྲེལ། འཛམ་གླིང་གི་ཁོར་ཡུག་སྤྱི་དང་ཁྱད་པར་ཚོར་སྣང་སྐྱེན་པའི་བོད་ཀྱི་ཁོར་ཡུག་ལ་དོ་ཁུར་མི་བྱེད་པར། གཏོར་བཤིག་དང་གཏེར་ཁ་སྔོག་འདོན་སོགས་བྱེད་མཁན་རྒྱ་ནག་གཞུང་ལྟ་བུས་མཚོན། གཞུང་དང་བཟོ་ཚོང་ཁང་སོགས་ཀྱི་ཐོན་རྫས་ཉོ་ཚོང་བཀག་སྡོམ་བྱ་དགོས་པའི་འབོད་སྐུལ་དང་ཆབས་ཅིག ཁོང་གིས་གསུངས་ན། ལ་དྭགས་སུ་འཁྱགས་རོམ་རྣམས་ཧ་ཅང་མགྱོགས་པོར་ཞུ་བཞིན་པ་དང་། ད་ལྟ་ང་ཚོས་འཁྱགས་པ་སྲུང་སྐྱོབ་ཀྱི་ལས་དོན་མ་བརྩམས་ན། ས་གནས་དེ་ཁུལ་གྱི་མི་ཚོར་འཁྱམས་རོམ་ཧ་ཅང་ཉུང་ཉུང་ཞིག་མ་གཏོགས་ལྷག་མེད་པས། ད་ནི་ང་ཚོས་ལས་དོན་དངོས་སུ་བརྩམས་པའི་དུས་ལ་བབས་ཡོད་པར་བརྟེན། ང་ཚོས་ཧི་མ་ལ་ཡ་ནས་ཁུར་ཡོང་བའི་འཁྱམས་པ་དུམ་བུ་འདིས་བརྡ་ལན་གཏོང་གི་ཡོད་ཅིང་། ང་ཚོས་དུམ་བུ་འདི་༧གོང་ས་མཆོག་ལ་སྤྱན་འབུལ་ཞུས་པ་བརྒྱུད། འཛམ་གླིང་གིས་བརྡ་ལན་འདི་ལ་དོ་ཁུར་གྱིས་གནམ་གཤིས་འགྱུར་ལྡོག་ཆེད། མི་ཚོས་འཚོ་ཐབས་བསྒྱུར་བཅོས་དང་ལས་དོན་དོ་ནན་གྱིས་གནང་བའི་ཡིད་ཆེས་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་ཚོགས་ཆེན་འདི་དབུ་འབྱེད་ཀྱི་གཏམ་བཤད་གནང་མཁན་དང་། ཨ་ཧྥི་རི་ཀའི་ཤུགས་རྐྱེན་ཆེ་བའི་མི་བརྒྱ་ཐམ་པའི་ནང་འདེམས་མྱོང་བ། ཁན་ཡ་རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་ལྡོག་གི་བུད་མེད་ལས་འགུལ་པ་(Elizabeth wathuti)་ལགས་ནས། གལ་འགངས་ཆེ་ཤོས་ནི་ང་ཚོས་ད་ལྟ་ནས་འབྱུང་འགྱུར་གྱི་དཀའ་ཉེན་སེལ་ཐབས་འཚོལ་དགོས་པ་དེ་ཡིན་པས། ད་ཆ་ང་ཚོས་ཉི་མ་རེ་རེ་བཞིན་གནམ་འགྱུར་ལྡོག་གི་གནས་སྟངས་ཉེན་ཚབས་ཇེ་ཆེར་གཏོང་བཞིན་པ་དེས། འགྲོ་བ་མི་སྤྱི་དང་ཁྱད་པར་གནམ་གཤིས་འགྱུར་ལྡོག་གིས་ཤུགས་རྐྱེན་ཆེ་ཤོས་ཐེབས་པའི་མི་ཚོའི་འཚོ་གནས་ལ་དཀའ་ཉེན་ཆེན་པོ་བཟོ་བཞིན་པ་དང་། ང་ཚོར་འབྱུང་འགྱུར་གྱི་འགན་ཁུར་འཁྲི་ཡོད་པར་བརྟེན། ང་ཚོས་འབྱུང་འགྱུར་གྱི་དཀའ་ཉེན་སེལ་ཐབས་ད་ལྟ་ནས་བཙལ་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཚེས་༢༢གོ་ལའི་ཉིན་མོར་ད་རེས་ཚོགས་འདུར་ཕེབས་པའི་ཚོགས་བཅར་གསུང་བཤད་གནང་མཁན་ཚོས། ༧གོང་ས་མཆོག་གི་མཇལ་ཁ་བཀའ་སློབ་ཞུས་གནང་གི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎